ཐུན་ཏེ་རྫོང་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་རིགས་གསུམ་འཇོན་ཐང་མི་སྣ་སྐྱེད་སྲིང་བྱེད་པའི་ཐད་མཐོང་ཆེན་བྱས།
2018.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་དུས་རབས་གསར་བའི་བརྗོད་བྱ་གཙོ་བོར་དམ་དུ་དམིགས་ཤིང་། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་སོགས་ཀྱི་འགན་ཁུར་ལག་བསྟར་བྱེད་པར་དམིགས་ནས། ཧུར་ཐག་གིས་ཏང་སྲིད་འཇོན་ཐང་མི་སྣ་དང་ཆེད་ལས་ལག་རྩལ་འཇོན་མི། རོང་འབྲོག་ཁུལ་གྱི་དངོས་སྤྱོད་འཇོན་མིའི་གསོ་སྐྱོང་བྱ་བ་སྒྲུབ་པ་དམ་འཛིན་བྱས།

བྱ་བའི་ཁྲོད། ཐུན་ཏེ་རྫོང་གིས་སྲིད་སྐྱོང་ནུས་པ་མཐོར་འདེགས་གཏོང་པ་ནས་མགོ་རྩོམ་བརྩམས་ཏེ། ཕྱོགས་གཅིག་ནས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཆེད་དོན་སྙན་ཞུའི་ཟུར་ཁྲིད་སློབ་སྦྱོང་དང་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས། ཏང་སྲིད་ལས་བྱེད་པར་བསམ་བློའི་སྤྱོད་ཚུལ་དང་བྱ་བའི་སྤྱོད་ཚུལ། ཚོགས་པའི་སྤྱོད་ཚུལ་ལེགས་པོ་ཆགས་པར་བྱས། ཕྱོགས་གཞན་ཞིག་ནས་ཧུར་ཐག་གིས་ཏང་སྲིད་ལས་བྱེད་པ་དེང་རབས་ཞིང་སྡེའི་དཔལ་འབྱོར་དང་ཁྲིམས་ལུགས་ཁྲིམས་སྲོལ་སོགས་གཞུང་ལུགས་ཤེས་བྱའི་གསོ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་སྟེ། ཏང་སྲིད་ལས་བྱེད་པའི་དབུལ་སྐྱོར་མཁྲེགས་གཏོར་ཐབས་ཇུས་ལག་བསྟར་བྱེད་པའི་ཁྲོད་དུ་སློབ་སྦྱོང་དང་གསར་སྐྲུན། ལག་བསྟར། ཞབས་ཞུ་དང་མཐུན་སྦྱོར་སོགས་ཕྱོགས་ལྔའི་ཐད་ཀྱི་ནུས་པ་མཐོར་འདེགས་བྱས་ཤིང་། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བའི་འཛུགས་སྐྲུན་དང་མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་དམིགས་ནས་ཁོ་ཚོར་ལག་ལེན་གྱི་ཁྲོད་ནས་སྦྱོང་བརྡར་ཐོབ་ཏུ་བཅུག་པ་དང་གཞུང་ལུགས་འབྲེལ་འདྲིས་ཀྱི་དངོས་ཡོད་ནུས་པ་མཐོར་འདེགས་སུ་བཏང་།

དེ་ལས་གཞན། ཕྱུག་སྒྱུར་ནུས་ཤུགས་ཇེ་ཆེར་གཏོང་བ་རྐང་འཛུགས་སར་བྱས་པ་དང་དབུལ་སྐྱོར་མཁྲེགས་གཏོར་ཐབས་ཇུས་ལག་བསྟར་བྱེད་པར་དམིགས་ནས། ལོ་རེར་སྡེ་བ་དང་གཞིས་ཁུལ་གྱི་ལས་བྱེད་མི་སྣ་བདམས་མངག་བྱས་ཏེ། ཞིང་དང་སྡེ་བ་རིམ་པའི་ལས་དོན་དོ་དམ་དང་ཐུན་མོང་གི་དཔལ་འབྱོར་དོ་དམ་སོགས་གཞུང་ལུགས་ཤེས་བྱའི་གསོ་སྦྱོང་ལ་ཞུགས་པར་མ་ཟད། རྣམ་པ་གསར་བའི་རོང་འབྲོག་མང་ཚོགས་ཀྱི་ལས་རིགས་གསོ་སྦྱོང་བཟོ་སྐྲུན་སྤེལ་ཏེ། རོང་འབྲོག་མང་ཚོགས་ཀྱི་དངོས་སྤྱོད་འཇོན་ཐང་མི་སྣའི་གསོ་སྦྱོང་ཤུགས་ཚད་ཇེ་ཆེར་བཏང་ལ། ཞང་དང་གྲོང་རྡལ་སོ་སོའི་རོང་འབྲོག་མང་ཚོགས་ལ་སྲོག་ཆགས་འགོས་ནད་དང་ཕྱུགས་རིགས་གསོ་སྤེལ། ཕྱུགས་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་སོགས་ཀྱི་ཤེས་བྱའི་ནང་དོན་ཐད་ནས་གསོ་སྦྱོང་འཛིན་གྲྭ་བསྒྲུབས།