དཔྱིད་དུས་གཞི་རིམ་དུ་བཅར་འདྲིར་བསྐྱོད་པ་ལས་ཧོང་ཀྲུང་རྫོང་ཐུའུ་མིན་ཀོན་ཞང་གི་གནད་ཕིགས་དབུལ་སྐྱོར་དང་ཡུལ་སྐོར་ལས་རིགས་ཀྱི་གནས་ཚུལ།
2018.02.26 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 3

སྨྱན་བྱད་གསར་བ་དཔྱིད་དུས་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་ཧོང་ཀྲུང་རྫོང་ཐུའུ་མིན་ཀོན་ཞང་དུ་ཕྱིན་ནས་ས་གནས་དེ་གའི་གནད་ཕིགས་དབུལ་སྐྱོར་དང་ཡུལ་སྐོར་ལས་རིགས་ཀྱི་ཐད་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཐུའུ་མིན་ཀོན་ཞང་གི་ཅང་ལིན་སྡེ་བར་མཚོན་ན་ཀོ་བརྙན་བཟོ་རྩལ་དང་འཁྲབ་སྟོན་གྱི་ཐད་ནས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཁྱད་ཆོས་འབུར་དུ་ཐོན་ཡོད་པས། “ཀོ་བརྙན་གྱི་ཕ་ས”ཞེས་པའི་མཚན་སྙན་བསྩལ་ཡོད། དེ་ལས་གཞན་བརྐོ་བཟོ་དང་གཙགས་དྲུབ་སོགས་ལའང་བྱང་ཆ་ཧ་ཅང་ཆེན་པོ་ལྡན་པས། ལས་རིགས་དེ་དག་ས་གནས་དེ་གའི་ཡོང་སྒོ་འཕར་སྣོན་འབྱུང་བྱེད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀོ་བརྙན་བཟོ་རྩལ་རྒྱུན་འཛིན་པ་ཀྲང་ཡུང་ཆོན་གྱིས་བཤད་རྒྱུར། ཁོ་བོར་མཚོན་ན་ཆུང་དུས་ནས་ཀོ་བརྙན་གྱི་བཟོ་རྩལ་ཐད་ལ་སློབ་སྦྱོང་ལེགས་པོ་བྱས་ཤིང་། ཁོའི་ཨ་མྱེས་ནས་བརྒྱུད་དེ་མི་རབས་གསུམ་གྱི་རིང་ལ་བཟོ་རྩལ་འདིའི་རྒྱུན་མ་དོར་བྱས་པ་དང་། ཁོའི་བཟོ་རྩལ་ལ་ཞིང་ཆེན་དང་ས་གནས་ནས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་མྱོང་ཟེར། ཁོས་ད་དུང་དུས་རབས་གསར་བ་དང་དམིགས་འབེན་གསར་བའི་དུས་སྐབས་འདིར་རང་ཉིད་ལ་བྱང་ཆ་ཡོད་པའི་བཟོ་རྩལ་འདི་ཉིད་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། གཅིག་ནས་མཛེས་ཉམས་དང་ནང་དོན་གྱིས་ཕྱུག་པའི་བཟོ་རྩལ་འདི་ཉིད་འཕེལ་རྒྱས་སུ་བཏང་ནས་དམིགས་འབེན་གསར་བ་ཞིག་ཏུ་སླེབས་པར་བྱེད་པ་དང་། གཉིས་ནས་བཟོ་རྩལ་འདིར་བརྟེན་ནས་རང་ཉིད་གཙོ་བྱས་པའི་མི་མང་པོ་ཞིག་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁ་གསར་བ་ཞིག་ཏུ་བསྙེག་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། དེ་མིན་ཐུའུ་མིན་ཀོན་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཏང་ཧེ་ཡུན་གྱིས་བཤད་རྒྱུར། ཅང་ལིན་སྡེ་བ་དང་ཅར་ཚང་སྡེ་བ་གཉིས་ལ་མཚོན་ན། ལག་ཤེས་བཟོ་ལས་ཀྱི་ཆུ་ཚད་སྡེ་བ་གཞན་དང་བསྡུར་ན་སྔོན་དུ་ཐོན་ཞིང་། སྡེ་མི་རྣམས་ཀྱི་ཧུར་བརྩོན་གྱི་འདུ་ཤེས་ཀྱང་ཅུང་ཟད་བཟང་བས། མ་འོངས་པར་ལག་ཤེས་བཟོ་ལས་གཙོ་བྱས་པའི་ལས་རིགས་སྣ་ཚོགས་གཉེར་ནས་དུས་རབས་གསར་བའི་གོམ་སྟབས་དང་ལྷན་དུ་ཕྱུག་འགྱུར་ཡོང་བར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཐུའུ་མིན་ཀོན་ཧྲན་ཀྲོང་གོང་མ་སྡེ་བར་མཚོན་ན། ལོ་འགའི་ཡར་སྔོན་དུ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ཞན་པ་མ་ཟད། སྤྱིའི་དཔལ་འབྱོར་དང་རྨང་གཞིའི་སྒྲིག་ཆས་ཀྱང་ཞན་པའི་ཁར་སྡེ་མིའི་ངལ་རྩོལ་ལག་རྩལ་གྱི་ཆུ་ཚད་དང་དེང་རབས་ཞིང་ལས་ཀྱི་ཆུ་ཚད་ཞན་པ་སོགས་ཀྱི་རྐྱེན་གྱིས་སྡེ་མི་ཡོངས་ཀྱི་ཡོང་འབབ་ཉུང་བ་དང་། འཕེལ་རྒྱས་ཀྱི་དམིགས་འབེན་མི་གསལ་བ་སོགས་ཀྱི་སྣང་ཚུལ་གནས་ཡོད་པ་རེད། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེན་རྟོག་རུ་ཁག་གི་ཀྲུང་ཡན་ཉིན་གྱིས་བཤད་རྒྱུར། ཁོ་རང་སྡེ་བ་འདིར་ཐོན་དུས་སྡེ་མི་ཡོངས་ཀྱིས་ས་ཞིང་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་ལ། རྨོ་འདེབས་ཀྱི་རྒྱ་ཁྱོན་ལའང་ཆ་སྙོམས་ཀྱིས་མུའུ་གཉིས་ལྷག་ལས་མེད། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོའང་ཧ་ཅང་ཉུང་བས། ང་ཚོས་ཐོག་མར་སྡེ་བ་འདི་ཉིད་དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་བཙལ་བ་ན། ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ཞན་པ་དང་ངལ་རྩོལ་ལག་རྩལ་གྱི་ཆུ་ཚད་ཞན་པ། ལས་རིགས་གཞན་གཉེར་བའི་འདུ་ཤེས་མེད་པ་སོགས་གནད་དོན་མང་པོ་ཞིག་གནས་པ་དང་། སྡེ་མི་ཡོངས་ཀྱིས་སྔར་ཡོད་ཀྱི་ས་ཞིང་དེ་ཙམ་ལ་བརྟེན་ནས་འཚོ་བ་བསྐྱལ་བའི་གནས་སུ་ལྷུང་ཡོད། དེ་བས་ན་ང་ཚོས་ཐོག་མར་ཏང་རྩ་འཛུགས་འཛུགས་སྐྲུན་ལེགས་པོ་དང་སྡེ་མི་ཡོངས་ལ་ངལ་རྩོལ་ལག་རྩལ་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད། དེ་མིན་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཐད་ནས་འཛུགས་སྐྲུན་གང་ལེགས་བྱས་པས། ད་ལྟར་མཚོན་ན་སྡེ་བ་འདིའང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁ་གསར་བ་ཞིག་ཏུ་བསྐྱོད་བཞིན་མཆིས་ཟེར། ད་ལྟར་སྡེ་བའི་འདིས་ཡུལ་སྐོར་མི་སྣ་སྣེ་ལེན་བྱེད་པའི་ས་ཚིགས་དང་ལུས་རྩལ་སྦྱོར་ར་བ་སོགས་འཛུགས་སྐྲུན་བྱས་པ་ཡོད་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་སྡེ་མི་ཡོངས་ཀྱི་དབུལ་བོ་ལས་ཐར་བའི་ཆོད་སེམས་ལ་བརྟེན་ནས་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་བདུན་ལྷག་སླེབས་ཡོད་པ་དང་། མ་འོངས་པར་ཡང་ཏང་གི་ཡང་དག་པའི་མགོ་ཁྲིད་འོག་མུ་མཐུད་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།

IMG_2475.jpg

ཐུའུ་མིན་ཀོན་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཏང་ཧེ་ཡུན་གྱིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

IMG_2440.jpg

ཀོ་བརྙན་བཟོ་རྩལ་གྱི་རྒྱུན་འཛིན་པ་ཀྲང་ཡུང་ཆོན་གྱིས་གནས་ཚུལ་ངོ་སྤྲོད་བྱེད་པའི་ཚུལ།

IMG_2443.jpg

ཀོ་བརྙན་བཟོ་རྩལ་རྒྱུན་འཛིན་པ་ཀྲང་ཡུང་ཆོན་གྱི་བརྩམས་ཆོས།

IMG_2449.jpg

ཀོ་བརྙན་བཟོ་རྩལ་རྒྱུན་འཛིན་པ་ཀྲང་ཡུང་ཆོན་གྱི་བརྩམས་ཆོས།

IMG_2470.jpg

གསར་འགོད་པ་དག་གིས་བཅར་འདྲི་བྱེད་བཞིན་པ།

IMG_2480.jpg

སྡེ་མིས་སྡེ་བའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

IMG_2483.jpg

ཐུའུ་མིན་ཀོན་ཞང་ཅར་ཚང་སྡེ་བའི་འཕེལ་རྒྱས་ཀྱི་འཆར་འགོད་དཔེ་དབྱིབས།

IMG_2494.jpg

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེན་རྟོག་རུ་ཁག་གི་ཀྲང་ཡང་ཉིན་གྱིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

IMG_2504.jpg

དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་འདྲི་བཞིན་པ།

IMG_2512.jpg

དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་འདྲི་བཞིན་པ།