དཔྱིད་དུས་གཞི་རིམ་དུ་བཅར་འདྲིར་བསྐྱོད་པ་ལས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་དེང་རབས་ཞིང་ལས་ལག་རྩལ་དང་ཞིང་ལས་རྟེན་གཞིའི་གནས་ཚུལ།
2018.02.27 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 4

སྤྱི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། སྨྱན་བྱད་གསར་བ་དཔྱིད་གསར་སྐབས་སུ་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་ཕྱིན་ནས་དེང་རབས་ཞིང་ལས་ལག་རྩལ་དང་ཞིང་ལས་རྟེན་གཞིའི་གནས་ཚུལ་ལ་རྒྱུས་ལོན་བྱས། སྤྱིའི་གླིང་ཁུལ་དང་ཆོན་བན་གླིང་ཁུལ་གཉིས་ནི་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་གྱི་དེང་རབས་ཞིང་ལས་ལག་རྩལ་གྱི་དཔེ་སྟོན་ཁུལ་ཡིན་ཞིང་། དེ་ལས་སྤྱིའི་གླིང་ཁུལ་ལ་མཚོན་ན་མིག་སྔའི་བར་དུ་ཆུ་དང་གློག   ལམ་སོགས་རྨང་གཞིའི་ཆ་རྐྱེན་ཧ་ཅང་འཛོམས་པ་རེད། གནས་ཚུལ་དེ་ལ་དམིགས་ནས2017ལོ་ནས་བཟུང་སྔོ་ཚོད་འདེབས་སའི་ས་རྒྱ་ཁྱོན་མུའུ་སྟོང་གཉིས་བརྒྱ་དང་སོ་གཉིས་ལ་སླེབས་སུ་བཅུག་ཡོད་པ་དང་། སྔོ་ཚོད་ཀྱི་རིགས་ལ་ཀྲོ་མ་ཀྲི་དང་དམར་ཁ་ཚ། མ་རྨོས་ལོ་ཏོག་བཅས་གཙོ་བྱས་པའི་སྔོ་ཚོད་སྣ་མང་འདེབས་ཀྱིན་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་གླིང་ཁུལ་འདིར་བྱ་བ་སྒྲུབ་ཀྱིན་པའི་ལས་བྱེད་མི་སྣ་ཡོངས་ཀྱི་ལོ་རེའི་ཡོང་སྒོ་མངོན་གསལ་གྱིས་འཕར་སྣོན་འབྱུང་བཞིན་ཡོད་ལ། ལས་བྱེད་མི་སྣ་རྣམས་ཀྱིས་ཀྱང་རང་རྟོགས་སྒོས་ལོ་སར་སྐབས་སུའང་སྔོ་ཚོད་ལ་བདག་གཉེར་བྱེད་པའི་བྱ་བ་མུ་མཐུད་ནས་སྒྲུབ་བཞིན་ཡོད། དེར་མ་ཟད་དམངས་ཡོངས་ལ་ཕན་ཁེ་བསྐྲུན་ཆེད“མི་གཞི་རྩ་བ་དང་སྤྱི་ཚོགས་ཞབས་འདེགས”གཉིས་རྩ་དོན་དུ་བཟུང་ནས། དུས་དང་རྣམ་པ་ཀུན་ཏུ་དུག་སེལ་པ་དང་སྐམ་རྙིད་དུ་མི་འགྲོ་བར་ཁག་ཐེག་བྱེད་པ་སོགས་བདག་གཉེར་གང་ལེགས་བྱེད་ཀྱིན་ཡོད་པ་རེད། ལས་བྱེད་མི་སྣ་ཚོས་བཤད་རྒྱུར། གླིང་ཁུལ་འདིས་སྔོ་ཚོད་འདེབས་འཛུགས་དང་ལས་རིགས་གཞན་དག་ལ་བརྟེན་ནས་དམངས་ཡོངས་ལ་ཞབས་འདེགས་ལེགས་པོ་བྱེད་ཐུབ་པ་མ་ཟད། ད་དུང་ཁོ་ཚོའི་དུས་རྒྱུན་གྱི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ། དེ་མིན་རང་ཉིད་ཀྱི་དཔལ་འབྱོར་ཡོང་སྒོའང་སྔར་ལས་ཇེ་མང་དུ་གཏོང་ཐུབ་པས། དུས་རབས་གསར་བའི་ནང་དེང་རབས་ཀྱི་ལག་རྩལ་ལ་བརྟེན་ནས་སྔོ་ཚོད་འདེབས་པའི་ལས་རིགས་གཉེར་ན་ཕན་ཁེ་ཧ་ཅང་མང་ཟེར།

ཆོན་བན་གླིང་ཁུལ་ལ་མཚོན་ན་སྔོ་ཚོད་འདེབས་ས་དང་སྔོ་ཚོད་འཐུ་ས། ད་དུང་ཞིང་ལས་འདེབས་འཛུགས་དཔེ་སྟོན་ཚོམས་ཆེན་དང་མགྲོན་ཁང་། ཚན་རྩལ་གསོ་སྦྱོང་རྟེན་གཞི། ཆུ་རྐྱལ་ཁང་། སྐྱེ་ཁམས་གསོ་སྤེལ་ར་བ། དེང་རབས་ཅན་གྱི་ཉ་རྫིང་སོགས་ཡོད་ཅིང་། ཉེ་བའི་ལོ་འགའི་ཚུན་ལ་གནས་འདིར་ཡོང་མཁན་གྱི་མང་ཚོགས་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་དང་བསྟུན་ནས་ཁོ་ཚོའི་དཔལ་འབྱོར་གྱི་ཡོང་འབབ་ཀྱང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་འདི་གའི་རིང་ལ་ཁོ་ཚོས་དེང་རབས་ཞིང་ལས་ཀྱི་ལག་རྩལ་ནང་འདྲེན་དང་དེ་ལ་སློབ་སྦྱོང་བྱེད་པ་དང་། ད་ལྟར་མཚོན་ན་ཁ་པར་གྱི་མཉེན་ཆས་བཀོལ་ནས་ཆུ་གཏོང་བ་དང་དྲོད་ཚད་སྙོམ་སྒྲོག་སོགས་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་དང་ཚན་རིག་རང་བཞིན་ལྡན་པའི་སྒོ་ནས་བདག་གཉེར་བྱེད་བཞིན་ཡོད་པས། གླིང་ཁུལ་འདིའི་མ་འོངས་པའི་འཕེལ་རྒྱས་ལ་ལམ་ཁ་གསར་བ་ཞིག་བཏོད་ཡོད་པ་རེད། ཁོ་ཚོས་བཤད་རྒྱུར། མ་འོངས་པའི་ལོ་ཟླའི་ནང་ད་དུང་མུ་མཐུད་ནས་དེང་རབས་ཞིང་ལས་ལག་རྩལ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། དུས་རབས་གསར་བའི་གོམ་འགྲོས་དང་བསྡོངས་ནས་དམངས་ཀྱི་འཚོ་བར་རང་ནུས་ཅི་ལྕོགས་ཀྱིས་འགན་ལེན་གང་ཐུབ་བྱེད་པ་དང་རང་ཉིད་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
 

IMG_2517.jpg

སྔོ་ཚོད་འདེབས་ཁུལ།

IMG_2520.jpg

གསར་འགོད་པ་དག་གིས་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

IMG_2526.jpg

འགྱིག་དྲོད་ཁང་དུ་ཡོད་པའི་སྔོ་ཚོད།

IMG_2529.jpg

སྔོ་ཚོད་ལ་བདག་གཉེར་བྱེད་བཞིན་པ།

IMG_2534.jpg

སྐྱེ་སྟོབས་ལྡན་པའི་ཀྲོ་མ་ཀྲི།

IMG_2552.jpg

ཕྱོགས་བསྡུས་གསོ་སྦྱོང་ཐོག་ཁང་།

IMG_2556.jpg

མ་འོངས་པའི་འཆར་འགོད་ངོ་སྤྲོད་བྱེད་བཞིན་པ།

IMG_2561.jpg

ཞིང་ལས་ལག་རྩལ་གསོ་སྦྱོང་བྱེད་སའི་སློབ་ཁང་།

IMG_2550.jpg

སྔོ་ཚོད་ལ་བདག་གཉེར་བྱེད་ཆས་ཀྱི་ཁ་པར་མཉེན་ཆས།

IMG_2563.jpg

སྔོ་ཚོད་ཀྱི་རིགས་འཐུ་བཞིན་པ།