སྤྱི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། སྨྱན་བྱད་གསར་བ་དཔྱིད་གསར་སྐབས་སུ་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ས་ཁུལ་དང་ཕིན་ཨན་ས་ཁུལ་གྱི་ས་དཀར་གྲོང་རྡལ་གཉིས་ལ་ཕྱིན་ནས་ཞང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་གནད་ཕིགས་དབུལ་སྐྱོར་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཕིན་ཨན་ས་ཁུལ་གྱིས་ཉེ་བའི་ལོ་འདི་གའི་རིང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཞང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ཐད་ལ་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་གཞི་བཙུགས་ཏེ་བྱ་བའི་ལས་འགན་དངོས་བསྟར་གཏན་འབེབས་བྱེད་པ་དང་དྲིག་སྒྲོག་གི་ནུས་པ་ཤུགས་ཆེར་བཏང་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཟབ་ཞུགས་བྱེད་པར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པ། གཞུང་ལམ་དང་ཁྲོམ་ར་བཅོས་སྐྱོང་གང་ལེགས་བྱེད་པ། སྐྱེལ་འདྲེན་གྱི་རླངས་འཁོར་ལ་ལྟ་སྐུལ་དོ་དམ་ཤུགས་ཆེར་བྱེད་པ། ལས་ཡུལ་སོ་སོར་དོ་དམ་ལེགས་པོ་བྱེད་པ། གྲོང་ཁྱེར་གྱི་སྤྱིའི་ཁོར་ཡུག་དང་འཕྲོད་བསྟེན་ལ་བཅོས་སྐྱོང་ལེགས་པོ་བྱེད་པ། འབྲེལ་ཡོད་ལས་ཁུངས་ལ་མཉམ་འབྲེལ་བྱས་ནས་ཕྱོགས་སོ་སོར་བཅོས་སྐྱོང་བྱེད་པ། ལས་སྒོ་སྣ་ཚོགས་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་པ། ནན་ཏན་སྒོས་དཔྱིད་གསར་སྐབས་སུ་དཔལ་ཡོན་ལྡན་པའི་སྒོ་ནས་རིག་གནས་ཀྱི་བྱ་འགུལ་སྤེལ་བ་སོགས་ཐབས་ལམ་མང་པོར་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བར་སྔར་བས་ཤུགས་བསྣན་ཏེ་མངོན་གསལ་གྱིས་གྲུབ་འབྲས་བླངས་ཡོད་པ་དང་། བྱེད་ཕྱོགས་འདིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁོར་ཡུག་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་སྟབས་བདེ་དང་ཕན་ཁེ་མང་པོ་བསྐྲུན་ཡོད་ཅིང་། དེ་མིན་གྲོང་ཁྱེར་དང་གྲོང་རྡལ། ཞང་སོགས་ཀྱི་སྤྱིའི་ཁོར་ཡུག་ལེགས་བཅོས་དང་ལེགས་བསྒྱུར་གྱི་ཐད་ལའང་ཕན་ནུས་ཆེན་པོ་ཐོན་ཡོད། དེའི་རྐྱེན་གྱིས་ཕིན་ཨན་ས་ཁུལ་གྱིས་ད་ལོར་ཡང་བྱེད་ཕྱོགས་དེ་དག་མུ་མཐུད་ནས་ལག་བསྟར་དོན་འཁྱོལ་ཡོང་བར་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ཐད་ལ་ནུས་ཤུགས་གདོན་འཆར་ཡོད་པ་རེད།
ཕིན་ཨན་ས་ཁུལ་ས་དཀར་གྲོང་རྡལ་ལ་མཚོན་ན་སྡེ་བ་བཅོ་བརྒྱད་ལྷག་གིས་གྲུབ་ཡོད་ཅིང་། སྡེ་དམངས་རྣམས་ཀྱི་རང་རྟོགས་ཀྱི་འདུ་ཤེས་ཞན་པ་དང་ངལ་རྩོལ་ལག་རྩལ་གྱི་ཆུ་ཚད་དམའ་བ། ད་དུང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ལ་རྐྱེན་བྱས་ནས་སྡེ་བ་འགའ་ཤས་ཤིག་དབུལ་ཕོངས་སུ་གྱུར་བ་དང་། དམངས་ཀྱི་ཡོང་འབབ་ཀྱང་ས་ཁུལ་གཞན་དང་བསྡུར་ན་ཅུང་དམའ་བ་རེད། གནད་ཕིགས་དབུལ་སྐྱོར་གྱི་སྲིད་ཇུས་ལེགས་པོ་ལག་བསྟར་དངོས་འབེབས་བྱེད་བཞིན་པའི་སྐབས་དང་བསྟུན་ནས། ཕིན་ཨན་ས་ཁུལ་ས་དཀར་གྲོང་རྡལ་གྱིས་ཀྱང་སྡེ་བ་སོ་སོ་ནས་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་ཁང་རྙིང་བསྒྱུར་བཀོད་དང་གནས་སྤོ་བའི་ཐབས་ལམ་བརྒྱུད་ནས་མང་ཚོགས་རྣམས་དབུལ་ཐར་གྱི་ལམ་དུ་བསྐྱོད་པར་བྱས། ཁོ་ཚོས་རང་ས་གནས་ཀྱི་ཐོན་ཁུངས་བེད་སྤྱད་ནས་ཁྱད་ལྡན་གྱི་འདེབས་འཛུགས་ལས་རིགས་གཉེར་བ་དང་། སྲིད་ཇུས་དངོས་འབེབས་དོན་འཁྱོལ་བྱས་ནས་དབུལ་སྐྱོར་ལས་ཞུགས་ལ་སྐུལ་འདེད་བྱེད་པ། དེ་མིན་ལས་རིགས་གཞན་དག་གཉེར་བའི་ཐབས་ལམ་ལ་བརྟེན་ནས་གྲོང་རྡལ་ཡོངས་དབུལ་ཐར་བྱེད་པར་བརྩོན་པ་བསྐྱེད་བཞིན་མཆིས། སྡེ་མི་ཆའོ་ཧྲིན་པའོ་ཡིས་བཤད་རྒྱུར། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བས་བྱིས་པ་རྣམས་སློབ་གྲྭར་འགྲོ་བ་དང་རྒན་པ་རྣམས་ཡར་འགྲོ་མར་འོང་བྱེད་པར་དཀའ་ཁག་ངེས་ཅན་ཞིག་ཡོད། དེང་སྐབས་ཏང་དང་སྲིད་གཞུང་གི་སྲིད་ཇུས་ལེགས་པོར་བརྟེན་ནས་ཕྱོགས་གང་ཐད་ནས་ལེགས་བཅོས་བྱུང་ཡོད་ལ། ལྷག་པར་དུ་བྱིས་པ་རྣམས་སློབ་གྲྭར་འགྲོ་བར་མངོན་གསལ་གྱིས་སྟབས་བདེ་བསྐྲུན་ཡོད། ཁོ་ཚང་ལ་མཚོན་ན་སྡེ་བ་གཞན་གནས་སྤོར་བྱས་ཏེ་འདིར་ཐོན་པ་ཡིན་ཟེར་ལ། ཁོས་ད་དུང་སྡོད་ཁང་དང་གཞུང་ལམ། རིག་གནས་ཐང་ཆེན་སོགས་འཛུགས་སྐྲུན་བྱས་ཏེ། དམངས་ཀྱི་འཚོ་བ་སྔར་ལས་ལྷག་པའི་སྒོ་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་དང་། དུས་རབས་གསར་བའི་གོམ་སྟབས་དང་ལྷན་དུ་མང་ཚོགས་ཡོངས་ཀྱིས་ལོ་སར་སྐབས་སུ་དགའ་བའི་གླུ་ལེན་ཞིང་སྐྱིད་པའི་བྲོ་འཁྲབ་བཞིན་ཡོད་ཟེར།

གསར་འགོད་པ་དག་གིས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

མཚོ་ཤར་གྲོང་ཁྱེར་གྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར།

ཚོང་གཉེར་བས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

གཞུང་ལམ་སྟེང་གི་ས་རྡུལ་ཚད་འབྱེད་བྱེད་པའི་རྣམ་པ།

གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

དུས་རབས་གསར་བའི་ནང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་ཆའོ་ཧྲིན་པའོ།

དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

གསར་དུ་ལས་པའི་ཐོག་ཁང་།

སྐྱིད་པའི་བྲོ་འཁྲབ་བཞིན་པ།