སྤྱི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། སྨྱན་བྱད་གསར་བ་དཔྱིད་གསར་སྐབས་སུ་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་རྫོང་དུ་ཕྱིན་ནས་དཔྱིད་གསར་དུས་ཀྱི་རིག་གནས་བྱ་འགུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ལོ་ཏུའུ་རྫོང་གིས་ལོ་རེ་བཞིན་དཔྱིད་གསར་སྐབས་སུ་མི་དམངས་མང་ཚོགས་ཀྱི་བསམ་པ་དང་འཚོ་བའི་དགོས་མཁོ་བསྐང་ཆེད་རིག་རྩལ་གྱི་བྱ་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད་ལ། ད་ལོར་མཚོན་ན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་གྱི་མཛུབ་སྟོན་འོག་འཆམ་མཐུན་དང་ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་ལྟ་བ་གཏིང་ཟབ་ཏུ་སྤེལ་བ་དང་། དེ་མིན་ལོ་ཏུའུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་སྔོག་འདོན་དང་བྲིས་གཟུགས་སྒྱུ་རྩལ་དར་སྤེལ། དམངས་ཁྲོད་ཀྱི་ཁྱད་འཕགས་རིག་གནས་འབུར་དུ་ཐོན་པར་བྱེད་པ་བཅས་དམིགས་ཡུལ་དུ་བཟུང་ཞིང་། དམངས་ཀྱི་དོན་དངོས་འཚོ་བ་མཚོན་པར་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་དགོས་མཁོ་བསྐང་རྒྱུ་རྩ་དོན་དུ་བཟུང་ནས། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད། དེ་ལས་གཞན་མི་དམངས་མང་ཚོགས་རིག་རྩལ་བྱ་འགུལ་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་ནས་སྔར་ལས་ལྷག་པའི་སྒོ་ནས་ལོ་ཏུའུ་ས་ཁུལ་གྱི་རིག་གནས་སྔོག་འདོན་དང་དར་སྤེལ་བྱེད་པར་བརྩོན་བཞིན་ཡོད། ད་དུང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱ་འགུལ་དང་ཞིང་གྲོང་རིག་གནས་འབུར་དུ་ཐོན་པར་བྱས་ནས། མ་འོངས་པ་ན་དུས་སྟོན་གྱི་རིག་གནས་གྱ་ནོམ་ཞིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་ལོ་ཏུའུ་གསར་བ་འཛུགས་སྐྲུན་བྱ་རྒྱུར་སྟོབས་ཤུགས་མི་དམན་པ་འདོན་བཞིན་ཡོད། ལོ་ཏུའུ་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ་ཡི་ཀྲུའུ་རིན་ཅིའུ་ཁི་ལིན་གྱིས་བཤད་རྒྱུར། དཔྱིད་གསར་སྐབས་སུ་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་བསམ་པ་སོགས་ཕྱོགས་གང་ཐད་ཀྱི་དགོས་མཁོ་བསྐང་ཆེད། ཁོ་ཚོས་ལོ་རེ་བཞིན་ལྒང་ཞུ་འགྲེམ་སྟོན་བྱེད་བཞིན་ཡོད་ལ། དེ་མིན་རིག་གནས་ཐང་ཆེན་དུ་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་བྱ་འགུལ་ཡང་སྤེལ་དང་སྤེལ་མུས་སུ་ཡོད། ལྷག་པར་ད་ལོར་མཚོན་ན་མི་དམངས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ཁོ་ཚོས་རྣམ་པ་དང་ཁ་དོག་མི་འདྲ་བའི་ལྒང་ཞུ་ལྔ་བརྒྱ་ལྷག་འགྲེམ་སྟོན་བྱེད་བཞིན་ཡོད་ལ། ལྒང་ཞུ་འགྲེམ་སྟོན་བྱེད་ཡུན་ཚེས་བཅུ་གསུམ་ནས་ཚེས་བཅུ་དྲུག་བར་ཡིན་ཟེར། ཁོས་ད་དུང་ཚེས་བཅུ་བཞི་ནས་བཅུ་དྲུག་ཉིན་བར་དུ་ཞང་དང་གྲོང་རྡལ་སོ་སོ་ནའང་རིག་རྩལ་གྱི་འཁྲབ་སྟོན་སྣ་ཚོགས་བྱེད་ཀྱི་ཡོད་པས། དཔྱིད་གསར་སྐབས་སུ་མང་ཚོགས་ལ་དམིགས་ནས་རིག་གནས་བྱ་འགུལ་མང་པོ་སྤེལ་བཞིན་ཡོད། མ་འོངས་པར་ཡང་་སྔར་ལས་ལྷག་པའི་སྒོ་ནས་སྟོབས་ཤུགས་གང་ཡོད་བཏོན་ཏེ་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ངེས་ཡིན་ཟེར།
དཔྱིད་གསར་གྱི་རྣམ་པ།
ལོ་རྒྱུས་རིག་གནས་འགྲེམ་སྟོན།
རིག་རྩལ་གྱི་བྱ་འགུལ་སྤེལ་བཞིན་པ།
ལྟད་མོར་སླེབས་པའི་རྒྱ་ཆེའི་མི་དམངས་མང་ཚོགས།
རྣམ་པ་དང་ཁ་དོག་མི་འདྲ་བའི་ལྒང་ཞུ།
ལྒང་ཞུ་འདོགས་བཞིན་པ།
ལོ་ཏུའུ་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་ཅུའུ་ཡི་ཀྲུའུ་རིན་ཅིའུ་ཁི་ལིན་གྱིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།