སྤྱི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། སྨྱན་བྱད་གསར་བ་དཔྱིད་གསར་སྐབས་སུ་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དུ་ཕྱིན་ནས་དཔྱིད་ཚུགས་རྨོ་འདེབས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། མིན་ཧོ་རྫོང་ལ་མཚོན་ན་མཚོ་སྔོན་ཞིང་ཆེན་ཡོངས་ནས་རྨོ་འདེབས་བྱེད་པ་ཆེས་སྔ་བའི་རྫོང་ཡིན་ལ། སྔོན་ཆད་ནས་ད་ལྟའི་བར་དུ་ལུགས་རྙིང་ལོ་སར་སྐབས་སུ་ཞིང་རྨོ་བའི་ལས་སུ་ཞུགས་པར་བྱེད། ད་ལོར་མཚོན་ནའང་ལོ་སྔོན་མ་བཞིན་ལོ་སར་སྐབས་ནས་བཟུང་རྨོ་འདེབས་ཀྱི་འགོ་བརྩམས་ཤིང་། ཞིང་བ་ཡོངས་ས་ཞིང་རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་འདུག མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་ཡོང་བར་བྱས་ནས་ལས་རིགས་མཐའ་དག་ཚན་རིག་དང་ཕན་ནུས་རང་བཞིན་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་གང་ལེགས་བྱས།
ཉེ་བའི་ལོ་འདི་གའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་འོག་མིན་ཧོ་རྫོང་གིས་ཞིང་ལས་ཐོན་སྐྱེད་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཤིང་། ཞིང་བ་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་སྡེ་བ་ཧྲིལ་བོ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཡིད་ཆེས་ཀྱིས་ཁེངས་འདུག མིན་ཧོ་རྫོང་ཀོན་ཐིན་གྲོང་རྡལ་ཧི་ཡན་སྡེ་བའི་ཀྲུའུ་རིན་ཀའོ་ཧྥུའུ་ཧྲིན་པའོ་ཡིས་བཤད་རྒྱུར། དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་འོག གནད་ཕིགས་དབུལ་སྐྱོར་གྱི་བྱ་བའི་དམིགས་འབེན་ཡང་མངོན་འགྱུར་བྱུང་ཡོད་ལ། ང་ཚོའི་སྡེ་བར་མཚོན་ན། མིན་ཧོ་རྫོང་གི་ས་ཁུལ་གཞན་དག་དང་བསྡུར་ན་ནམ་ཟླ་དང་ས་བབ་སོགས་ཕྱོགས་གང་ཐད་ནས་ཞིང་ལས་གཉེར་བའི་ཆ་རྐྱེན་ཧ་ཅང་འཛོམས། རྨོ་འདེབས་ཀྱི་རིགས་ལ་གཙོ་བོ་ལོག་དཀར་དང་མ་རྨོས་ལོ་ཏོག ཞོག་ཁོག་སོགས་ཡོད་པ་མ་ཟད། རྒྱལ་ཁབ་ཀྱིས་ཁྱིམ་ཚང་སོ་སོར་རོགས་སྐྱོར་གསབ་དངུལ་སྟེར་བཞིན་པའི་ཁར། ལོ་རེར་རེས་མོས་ཀྱི་སྒོ་ནས་ཁྱིམ་ཚང་རེ་རེར་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཀྱི་ཐད་ནས་ཀྱང་རོགས་སྐྱོར་གནང་བཞིན་ཡོད་པས། ཞིང་རྨོ་བ་དང་ཆུ་འདྲེན་པ། ལོ་ཏོག་བསྡུ་བ་སོགས་ཕྱོགས་གང་ཐད་ནས་སྟབས་བདེ་ཡིན་ལ། ཚན་རིག་རང་བཞིན་པའི་སྒོ་ནས་ཞིང་ལས་གཉེར་བཞིན་ཡོད། དེའི་རྐྱེན་གྱིས་མི་རྣམས་ཀྱི་ཡོང་སྒོའང་སྔོན་དང་བསྡུར་ན་མངོན་གསལ་གྱིས་འཕར་སྣོན་འབྱུང་བཞིན་ཡོད་ཟེར། ཁོས་ད་དུང་སྡེ་མི་རྣམས་ཀྱིས་ཞིང་རྨོས་ཚར་རྗེས། ལྷ་ས་དང་ཞིན་ཅང་སོགས་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་པའམ་ཡང་ན་དེ་ག་ནས་ཚོང་ལས་གཉེར་བ་དང་གླ་རྒྱག་པ་སོགས་བྱས་ཏེ་ཞིང་ལས་ཀྱི་ཞོར་ནས་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་བཞིན་ཡོད་པས། སྡེ་མི་ཡོངས་ཀྱི་ཡོང་འབབ་ཀྱང་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།
ཞིང་རྨོ་བཞིན་པ།
ཞིང་རྨོ་བཞིན་པ།
བཤལ་རྒྱག་བཞིན་པ།
ས་བོན་གཏོར་བཞིན་པ།
ཞིང་རྨོ་བཞིན་པ།
ཞིང་སའི་ནང་གི་གད་སྙིགས་འཐུ་བཞིན་པ།
རྨོས་ཟིན་པའི་ས་ཞིང་།
ཀོན་ཐིན་གྲོང་རྡལ་ཧི་ཡན་སྡེ་བའི་ཀྲུའུ་རིན་ཀའོ་ཧྥུའུ་ཧྲིན་པའོ་ཡིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།