དཔྱིད་དུས་གཞི་རིམ་དུ་བཅར་འདྲིར་བསྐྱོད་པ་ལས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ལོ་སར་རིག་རྩལ་བྱ་འགུལ་གྱི་གནས་ཚུལ།
2018.03.05 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 4

སྤྱི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། སྨྱན་བྱད་གསར་བ་དཔྱིད་གསར་སྐབས་སུ་གཞི་རིམ་དུ་བཅར་འདྲིར་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཕྱིན་ནས་ལོ་སར་རིག་རྩལ་བྱ་འགུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས། གཅན་ཚ་རྫོང་ལ་མཚོན་ན་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱས་ཡོད་པའི་རྫོང་ཞིག་ཡིན་ལ། ལོ་རེ་བཞིན་དཔྱིད་གསར་སྐབས་སུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དཔྱིད་གསར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་མི་རིགས་སྣ་མང་གིས་གྲུབ་པའི་རིག་རྩལ་གྱི་བྱ་འགུལ་གྱ་ནོམ་པ་བཀོད་སྒྲིག་བྱེད་ཀྱི་ཡོད།

ད་ལོར་གཅན་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་བྱས་པའི་ད་ལོའི་རིག་རྩལ་བྱ་འགུལ་འདིར་མཚོན་ན། སྔར་ནས་རྒྱུན་བསྐྱངས་པའི་དམངས་ཁྲོད་ཀྱི་གཞས་པ་གཞས་མ་རྣམས་གཙོ་བྱས་པའི་གླུ་གར་གཞས་གསུམ་གྱི་རྨང་གཞིའི་སྟེང་གཅན་ཚ་ས་ཁུལ་གྱི་སློབ་ཆེན་སློབ་མ་སྐོར་ཞིག་གིས་ཕ་ཡུལ་མི་དམངས་ལ་ལོ་སར་སྐབས་སུ་རིག་རྩལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་ཕུལ་བས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཚད་མེད་ཐོབ། གཅན་ཚ་རྫོང་རིག་གནས་ཁང་གི་འགོ་གཙོ་བཀྲ་ཤིས་ཚེ་བརྟན་གྱིས་བཤད་རྒྱུར། ང་ཚོ་རིག་གནས་ཁང་ལ་མཚོན་ན་གཙོ་བོ་དམངས་ཁྲོད་ཀྱི་རིག་གནས་སྔོག་འདོན་དང་འཁྲབ་སྟོན་བྱ་རྒྱུ་དེ་ཡིན་ཞིང་། ལོ་མང་པོ་ཞིག་གི་རིང་ལ་ང་ཚོ་རིག་གནས་ཁང་གིས་རྩེད་མོའི་བྱ་འགུལ་མང་པོ་སྤེལ་བ་ཡིན་ཏེ། དཔེར་ན་དབྱར་ཁའི་དབྱར་སྟོན་དང་སྡེ་བའི་སྲོལ་རྒྱུན་གྱི་དུས་ཆེན་ལྟ་བུའི་སྟེང་དུས་རྒྱུན་ཞུགས་ནས་མང་ཚོགས་ལ་རིག་རྩལ་གྱི་བྱ་འགུལ་གྱ་ནོམ་པ་ཕུལ་དང་འབུལ་བཞིན་ཡོད་ལ། དེ་ལས་གཞན་མང་ཚོགས་ཀྱི་ཁྲོད་ནས་གཞས་པ་གཞས་མ་དང་སྒྱུ་རྩལ་པ་སོགས་རྩ་འཛུགས་བྱས་ཏེ་རིག་རྩལ་གྱི་བྱ་འགུལ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད། ལོ་སར་སྐབས་སུའང་མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་ཟློས་གར་དང་རྩེད་རིག དམངས་གླུ་སོགས་བཀོད་སྒྲིག་གང་ལེགས་བྱས་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག མ་འོངས་པར་མཚོན་ནའང་དམངས་ཁྲོད་ཀྱི་རིག་རྩལ་འཁྲབ་སྟོན་ཇེ་མང་དུ་གཏོང་བར་འབད་པ་བྱ་རྒྱུ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཁྲོད་ནས་རིག་རྩལ་འཁྲབ་སྟོན་ལ་ཞུགས་གྲངས་ཇེ་མང་དུ་བཏང་སྟེ། ལོ་སར་སྐབས་ཀྱི་རིག་རྩལ་འཁྲབ་སྟོན་གཙོ་བྱས་པའི་རིག་རྩལ་གྱི་བྱ་འགུལ་སྣ་ཚོགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཧུར་བརྩོན་བྱ་རྒྱུ་ཡིན་ཟེར།

གླུ་དབྱངས་ལེན་བཞིན་པ།

 

རྩེས་རིག་རྩེད་བཞིན་པ།

 

གླུ་དབྱངས་ལེན་བཞིན་པ།

 

ཞབས་བྲོའི་སྟངས་སྟབས།

 

གླུ་དབྱངས་ལེན་བཞིན་པ།

 

གླུ་དབྱངས་ལེན་བཞིན་པ།

]

མདའ་རྩེད།

 

རྒྱ་ཆེའི་ལྟད་མོ་བ།

 

གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།