མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ལྔ་བརྒྱ་དང་བཞི་བཅུ་འཛུགས་སྐྲུན་བྱེད་རྒྱུ་རེད།
2018.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་གསུམ་པའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྡེ་བའི་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་ལྟེ་གནས་ལྔ་བརྒྱ་དང་བཞི་བཅུ་འཛུགས་སྐྲུན་བྱས་ནས། གཞི་རིམ་སྤྱི་ཐུན་རིག་གནས་སྒྲིག་ཆས་ཀྱི་དྲ་རྒྱ་འཐུས་ཚུང་དུ་གཏོང་བ་དང་། སྤྱི་ཐུན་རིག་གནས་ཞབས་ཞུའི་ཐད་ཀྱི་ཆེས་མཇུག་མཐའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།

2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་དང་མཚོ་ཤར། ཁུལ་དྲུག་བཅས་ནས་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། 2017ལོར། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བདུན་འབུམ་དྲུག་ཁྲི་བརྒྱད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རྫོང་སོ་གཉིས་ནས་གཞི་རིམ་རང་བཞིན་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་བརྒྱད་བརྒྱ་དང་དོན་བཞི་འཛུགས་སྐྲུན་བྱས། ཞིང་སྡེ་འབྲོག་ཁུལ་ཁ་གཏད་པའི་སྤྱི་ཐུན་ཐོན་ཁུངས་དང་ཞབས་ཞུ་རིགས་མི་འདྲ་བ་མཉམ་བསྲེས་བྱས་པ་བརྒྱུད་དེ། རིག་གནས་དྲིལ་སྒྲོག་དང་ཏང་ཡོན་སློབ་གསོ། ཚན་རིག་དང་ཞིང་ལས་ཚན་རྩལ་ཁྱབ་གདལ། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས། ལུས་རྩལ་ལུས་སྦྱོང་སོགས་མི་འདྲ་བའི་སྤྱི་ཐུན་ཞབས་ཞུ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་ལྟེ་གནས་སྐོར་ཞིག་འཛུགས་སྐྲུན་བྱས།

ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། གསར་དུ་ལས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཐད་ནས་ཞང་སྡེའི་གར་སྟེགས་ཆུང་བ་དང་རིག་གནས་བྱ་འགུལ་ཁང་། རིག་གནས་ལུས་རྩལ་ཐང་ཆེན་བཅས་འདུ་བ་མ་ཟད། རིག་གནས་ལུས་རྩལ་དང་གློག་བརྙན་འཕྲིན་སྒྲིག་ཆས་ཆ་སྡེབས་བྱས་ཏེ། དམངས་ཁྲོད་ཀྱི་ཟློས་གར་ཚོགས་པར་འཁྲབ་སྟོན་བྱེད་ས་འདོན་སྤྲོད་བྱས་པ་ལས་གཞན། ད་དུང་ཏང་ཡོན་སློབ་གསོ་དང་སྤྱི་ཚོགས་སྤྱི་པའི་སྤྱོད་བཟང་། ཁྲིམས་ལུགས་ཁྱབ་གདལ། ཚན་རིག་ཁྱབ་གདལ། རྩལ་ནུས་གསོ་སྦྱོང་སོགས་ཕྱོགས་མང་བའི་ཞབས་ཞུ་འདོན་སྤྲོད་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཐུན་རིག་གནས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས་ཟེར།

གཞི་རིམ་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་ནས། ས་ཆ་སོ་སོས་གསར་འཛུགས་བྱེད་པ་དང་བསྒྱུར་བཀོད་བྱེད་པ། ཐོན་ཁུངས་མཉམ་བསྲེས་བྱེད་པ་སོགས་རྣམ་པ་བརྒྱུད་དེ། མང་ཚོགས་ཀྱི་རིག་གནས་དགོས་མཁོ་བསྐངས། 2020ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཞང་གྲོང་དང་སྡེ་བ་ཡོངས་རྫོགས་སུ་རིག་གནས་དྲིལ་སྒྲོག་དང་ཏང་ཡོན་སློབ་གསོ། ཚན་རིག་དང་ཁྲིམས་ལུགས་ཁྱབ་གདལ། ལུས་རྩལ་ལུས་སྦྱོང་སོགས་རྩོལ་ནུས་གཞི་གཅིག་ཏུ་འདུ་བའི་གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་ཐུན་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་དེ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་འཛུགས་སྐྲུན་གྱི་གཡུལ་ས་གལ་ཆེན་དང་སྤྱི་ཐུན་ཞབས་ཞུ་འདོན་སྤེལ་བྱེད་པའི་ཕྱོགས་བསྡུས་སྟེགས་བུ་རུ་འགྱུར་བར་བྱེད་རྒྱུ་རེད།