མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་དེབ་ཕྲེང་བརྒྱད་ཀྱི་བདག་ཉིད་ཅན«མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་དེ་ཟླ3པའི་ཚེས10ཉིན་གྱི་སྔ་དྲོར་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས།
མཛད་སྒོའི་སྟེང་ཕྱོགས་ཡོངས་ནས་ཕེབས་པའི་རྩོམ་པ་པོ་རྒན་གྲས་སྐོར་ཞིག་དང་། ཆེད་མཁས་པ། དུས་དེབ་སོ་སོའི་རྩོམ་སྒྲིག་པ། སྙན་ངག་པ་སོགས་ཟུར་ཞུགས་མི་སྣ་ལྔ་བཅུ་ལྷག་གིས་དུས་ཚོད་གཉིས་ལྷག་གི་རིང་ལ«མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»འདི་དང་བསྡོངས་ཏེ་བོད་ཀྱི་རྩོམ་རིག་སྤྱིའི་གནས་བབ་དང་། རྩོམ་རིག་དཔྱད་བརྗོད། གཏམ་བཤད། རང་རང་གི་ལྟ་ཚུལ་ལྷུག་བརྗོད་གནང་སྟེ་བགྲོ་གླེང་རྒྱ་ཆེར་སྤེལ།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལྟ་བུ་ལ་མཚོན་ན་མི་རིགས་མང་པོ་འདུས་སྡོད་བྱས་པའི་ཁུལ་ཞིག་ཡིན་ལ་ཐོག་མ་ནས་བཟུང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཙོ་བྱས་གོང་རིམ་འགོ་ཁྲིད་དང་སྤྱི་ཚོགས་ཧྲིལ་བོས་རིག་གནས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པའི་སྲོལ་བཟང་སྔ་མོ་ནས་ཡོད་ཅིང་། ཁྱད་པར་དུ«བྱེ་ཐང་གི་རྦ་རླབས»(རྒྱ་ཡིག ) «མེ་ཏོག་གི་ཚྭ་འདམ» (སོག་ཡིག) «གངས་རྒྱན་མེ་ཏོག» (བོད་ཡིག)སོགས་དུས་དེབ་འདི་དག་གིས་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་ཡོངས་ལ་བསམ་བློའི་རྒྱགས་ཕྱེ་ཡངས་པོར་ཕྱེས་ཤིང་རྩོམ་པ་པོ་རེ་རེ་ལའང་རྩོམ་རིག་གི་གཤིན་ས་ལེགས་པོ་ཞིག་བསྐྲུན་ཡོད།
«མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»ཞེས་པ་འདི་མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིག་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་ཆེད་དུ་བློ་འདོན་དང་ཇུས་འགོད་བྱས་པ་བརྒྱུད། 2017ལོའི་ལོ་མགོ་ནས་ལས་མགོ་བཟུང་བ་དང་། སྔ་རྗེས་སུ་བསྡོམས་པས་རྩོམ་པ་པོ་བཅུ་གཉིས་ཀྱི་བརྩམས་ཆོས་དེ་ཀའི་རྩོམ་སྒྲིག་ཁང་ལ་འབྱོར་བ་དང་། «མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»ཀྱི་རྩོམ་སྒྲིག་ཨུ་ཡོན་རྣམས་ཀྱིས་དྲང་བདེན་དང་དྲང་གཞག་གི་རྩ་དོན་གཞིར་བཟུང་ནས། མ་རྩོམ་རྣམས་རེ་རེ་བཞིན་ཞིབ་ཏུ་ལྟ་ཀློག་དང་། ཐེངས་གཉིས་ལ་ཆེད་དུ་རྩོམ་སྒྲིག་ཨུ་ཡོན་གྱི་བགྲོ་གླེང་ཚོགས་འདུ་བསྡུས་མཐར། ཁྱོན་བསྡོམས་རྩོམ་དེབ་བཅུ་གཉིས་ལས་རྒྱུ་སྤུས་ཅུང་བཟང་ཞིང་རྩོམ་ཡིག་གི་གྲངས་འབོར་ངེས་ཅན་ལོངས་པའི་རྩོམ་དེབ་བརྒྱད་གཏན་འཁེལ་བྱས་པ་དང་། དེའི་ཁྲོད་རྩོམ་པ་པོ་བདུན་ཅུ་ལྷག་གི་རྩོམ་བཏུས་ཕྱོགས་བསྒྲིགས་དེབ«ཚྭ་འདམ་མཆོད་བསྟོད»(སྟོད་ཆ་དང་སྨད་ཆ) ལྷུག་རྩོམ་དེབ«རྒྱང་ལྟའི་ཁྲོད་ཀྱི་ལྷ་རི» སྙན་ངག་དེབ «རླུང་དང་མེ་ཏོག» «རྟོད་ཐག་ཁྲ་ཁྲ» «དབྱངས་ཀྱི་ང་རོ» «རླུང་དང་འདྲེས་པའི་གཏམ» «འབྲོག་མོ»བཅས་ཀྱིས་གྲུབ་ཅིང་། འདི་ནི་མིག་སྔར་མཚོ་ནུབ་ས་ཁུལ་གྱི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས་ཐོག་མའང་ཡིན།
ལོ་ངོ་སུམ་ཅུ་ལྷག་རིང་གི«གངས་རྒྱན་མེ་ཏོག»དུས་དེབ་འདིས་བོད་ཀྱི་སྙན་ངག་གཙོ་བྱས་རྩོམ་རིག་གི་ལམ་ཁ་ནས་རིགས་ཞེན་གྱི་དུངས་བ་རྒྱབ་ཏུ་ཁུར་ཞིང་གསར་སྐྱེས་ཀྱི་རྩོམ་མཁན་མང་པོ་རྗེས་སུ་ཁྲིད་ནས་འདས་མ་ད་གསུམ་གྱི་ཀྱག་ཀྱོག་གི་བཞུད་ལམ་བརྒྱུད་དེ་དུས་དེ་རིང་གི་ཉིན་འདིར་སླེབས་པའི་ཚེ་ན། དྲིན་ལ་དྲིན་གྱིས་འཇལ་ཞིང་། བཀའ་དྲིན་རྗེས་སུ་དྲན་པའི་སྨྱུག་ཐོགས་པ་དྲུག་གིས་བཀའ་དྲིན་མཚོན་བྱེད་དུ་དེབ་ཕྲེང་བརྒྱད་ཀྱི་བདག་ཉིད་ཅན་ཞིག་འགྲེམ་སྤེལ་བྱས་ཡོད་ལ། རང་ས་རང་ཡུལ་གྱི་རྩོམ་པ་པོ་དྲུག་གིས་འདི་ལྟ་བུའི་རྩོམ་རིག་དཔེ་ཚོགས་ཤིག་འགྲེམ་སྤེལ་བྱས་པ་འདི་ནི་མཚོ་ནུབ་ཁུལ་གྱི་རྩོམ་རིག་གི་བྱ་གཞག་ཁྲོད་ནས་ཐོད་བརྒལ་རང་བཞིན་གྱི་དོན་སྙིང་ལྡན་པ་མ་ཟད། དེང་རབས་བོད་རྩོམ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་དང་ནང་སྒོས་སུ་རྩོམ་པ་པོ་རེ་རེས་རིག་གནས་འདུ་ཤེས་ལ་བཟུང་བའི་ལྟ་སྟངས་ལེགས་པོ་ཤིག་ཡིན་པའང་བསྙོན་དུ་མེད།
མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གིས་དུས་ད་ལྟའི་བར་དུ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་དང་། རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར། མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྙན་ངག་གྱེར་འདོན་འགྲན་སྡུར་སོགས་བྱ་འགུལ་མང་པོ་སྤེལ་ཞིང་མ་འོངས་པར་ཡང་བོད་ཀྱི་གསར་སྐྱེས་རྩོམ་པ་པོ་མང་པོ་སྐྱེད་སྲིང་དང་རིག་གནས་ཀྱི་སྡིངས་ཆ་ལེགས་པོ་རེ་བསྐྲུན་རྒྱུ་ཕྱོགས་ལ་འབད་པ་ལྷུར་ལེན་བྱེད་རྒྱུ་ཡིན་ཟེར།
གདན་ཞུའི་སྐུ་མགྲོན་རྣམས་ལ་ཁ་བཏགས་འབུལ་བཞིན་པ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ལོ་དང་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ་གཉིས་ཀྱིས་མགོ་རྩོམ་མཛད་སྒོ་ཁྱབ་སྒྲོག་བྱེད་བཞིན་པ།
མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ་གྱིས་ཚོགས་འདུར་མདོ་འཛིན་བྱེད་བཞིན་པ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ལོས་གཏམ་བཤད་གནང་བཞིན་པ།
བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ཚེ་རིང་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
བོད་ཀྱི་དམངས་སྲོལ་ཆེད་མཁས་པ་བཀའ་མ་མཁའ་འབུམ་གྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན་གྱིས་གཏམ་བཤད་གནང་བཞིན་པ།
«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།
བོད་ཀྱི་དམངས་སྲོལ་རིག་གནས་ཁང་གི་གཙོ་སྒྲིག་གཞོན་པ་ཚེ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
«སྦྲང་ཆར»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་པད་མ་དབང་ཆེན་གྱིས་གཏམ་བཤད་གནང་བཞིན་པ།
བོད་ཀྱི་སྙན་ངག་པ་ཁྲི་སེམས་དཔས་གཏམ་བཤད་གནང་བཞིན་པ།
«གངས་རྒྱན་ན་ཆུང་ཚགས་པར»ཁང་གི་གཙོ་སྒྲིག་གཞོན་པ་གེ་སར་གྱིས་གཏམ་བཤད་གནང་བཞིན་པ།
རྩོམ་རིག་དཔྱད་བརྗོད་པ་ཕུན་ཚོགས་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།
ན་གཞོན་སྙན་ངག་པ་མདོ་སྨད་ཧེ་རུ་ཀས་གཏམ་བཤད་གནང་བཞིན་པ།
ན་གཞོན་སྙན་ངག་པ་སྒྲེན་པོས་གཏམ་བཤད་གནང་བཞིན་པ།
བོད་ཀྱི་སྙན་ངག་པ་ཉྭ་ནག་པ་བ་རེས་རེབ་འདིའི་ཚོགས་འདུར་སྤྱི་སྡོམ་བྱེད་བཞིན་པ།
«མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས»ཀྱི་རྩོམ་པ་པོ་ལྷན་རྒྱས།
«གངས་རྒྱན་མེ་ཏོག»རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་སངས་རྒྱས་སྒྲོལ་མས་འབྲེལ་ཡོད་ལས་ཁུངས་དག་གིས་བསྐུར་ཡོང་བའི་རྟེན་འབྲེལ་ཤིས་ཚིག་སྒྲོག་འདོན་བྱེད་བཞིན་པ།
ཚོགས་རའི་ཟུར་ཞིག
གསར་འགོད་པ། དབང་རྒྱལ་ཚེ་རིང་།