མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དུ་གསར་འཛུགས་བྱེད་པར་ཆོག་མཆན་ཐོབ།
2018.03.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དུ་གསར་འཛུགས་བྱེད་པར་ཆོག་མཆན་བཀོད་དེ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་འཐབ་ཇུས་ཁྲོད་འཇོག་པར་འཐད་པ་བྱུང་སྟེ། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ལས་གཞི་གལ་ཆེན་དང་ཐོན་ལས་སྲིད་ཇུས། སྒྲིག་གཞི་ནང་རྐྱེན་བཅོས་སྒྱུར་སོགས་ཐད་ལ་རྒྱབ་སྐྱོར་དང་འགན་སྲུང་བྱས། ཉི་ནུས་དང་རླུང་ནུས། ཆུ་ནུས་སོགས་དག་གཙང་ནུས་ཁུངས་ཐོན་ཁུངས་སོགས་འཛོམས་པའི་ས་ཁུལ་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་འདི་དམ་འཛིན་བྱས་ཏེ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་མ་ཟད། རྒྱལ་ཁབ་ནུས་ཁུངས་གསར་པའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དུ་གསར་འཛུགས་བྱེད་པར་ཆོག་མཆན་བཀོད་དེ་རྒྱབ་སྐྱོར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུངས་བཤད་གལ་ཆེན་དང་མཚོ་སྔོན་ལ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་འཕེལ་རྒྱས་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་སྤེལ་བྱེད་པ་དང་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེའི་ཉམས་མྱོང་གཅིག་བསྡུས་བྱས་ཏེ་རྒྱལ་ཁབ་ནུས་ཁུངས་ཚུལ་སྒྱུར་འཕེལ་རྒྱས་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་ཐུབ།

རང་རྒྱལ་གྱི་དག་གཙང་ནུས་ཁུངས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་ནུས་ཁུངས་གསར་པའི་ཐོན་ལས་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བར་བཏང་སྟེ་རིམ་བཞིན་གཞི་ཁྱོན་གྱི་དགེ་མཚན་གྲུབ་པར་བྱས། ད་སྔ་མཚོ་སྔོན་ཞིང་ཆེན་གྱིས་མཚོ་ནུབ་དང་མཚོ་ལྷོ་རྟེན་གཞིའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་དང་ལོ་རེའི་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་དུ་གསར་འཛུགས་བྱེད་པའི་ལག་བསྟར་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་མཐོ་གནོན་ཕྱིར་སྐྱེལ་གློག་ཁུངས་བཀོད་སྒྲིག་འཆར་འགོད་སོགས་སྒྲིག་བཟོ་བྱས་ཏེ་ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་ཚན་རིག་ལྟར་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། འབྲེལ་ཡོད་བླང་བྱ་ལྟར་མཚོ་སྔོན་ཞིང་ཆེན་གྱིས་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ་ཤུགས་ཆེན་པོས་དག་གཙང་ནུས་ཁུངས་ཕྱིར་གཏོང་བྱེད་པའི་ཞིང་ཆེན་ཆེན་པོ་དང་ཐོན་ལས་ཞིང་ཆེན་ཆེན་པོ། དམངས་ཚིས་ཞིང་ཆེན་སྟོབས་ལྡན་དང་སྐྱེ་ཁམས་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། མཚོ་ལྷོ་ཁུལ་རྒྱལ་ཡོངས་ཀྱི་སྟོང་ཝ་བྱེ་བ་གཅིག་རིམ་པའི་ཉི་གློག་མཁོ་འདོན་རྟེན་གཞི་ཐོག་མ་རུ་འཛུགས་སྐྲུན་བྱེད་པ་དང་། མཚོ་ནུབ་ཁུལ་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འོད་ནུས་གློག་འདོན་རྟེན་གཞི་རུ་འཛུགས་སྐྲུན་བྱེད་རྒྱུ་རེད། དེར་མ་ཟད། ནུས་ཁུངས་ཁྱབ་ཁོངས་ཀྱི་རྒྱབ་ཁབ་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་རིམ་པའི་ཉི་གློག་སྒྲིག་ཆས་སྒྲིག་བཟོ་རྟེན་གཞི་སོགས་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེའི་མདུན་གྲལ་དུ་སྐྱོད་པར་འབད་བརྩོན་བྱེད་པ་དང་ཧུར་ཐག་གིས་རྒྱལ་ཁབ་ནུས་ཁུངས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་རྒྱུ་རེད།