གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། རྒྱལ་ཁབ་ཡུལ་སྐོར་ཅུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་གཉིས་ཀྱིས་ཁྱབ་སྒྲོག་བྱས་པའི་རྒྱལ་ཁབ་ཀྱི་སྐོར་དང་པོའི་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་རྟེན་གཞི་གསར་འཛུགས་སྡེ་ཁག་གི་མིང་ཐོའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་གཉིས་ཚུད་ཡོད།
རྒྱལ་ཁབ་ཡུལ་སྐོར་ཅུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་རྒྱལ་ཁབ་ཀྲུང་ལུགས་གས་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱ་བས་ལོ་གསུམ་ཙམ་གྱི་དུས་ཚོད་ནང་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་ཁུལ་བཅུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་རྟེན་གཞི་བརྒྱ། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་ལས་གཞི་སྟོང་གི་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུའི་འཆར་གཞི་ཡོད། རྩ་འཛུགས་འཚོལ་བསྡུ་དང་རྒྱུ་ཆ་ཞིབ་བཤེར། ཆེད་མཁས་པས་ཞིབ་དཔྱད་སོགས་བྱས་པ་བརྒྱུད། མིག་སྔར་སྡེ་ཁག་དོན་གསུམ་རྒྱལ་ཁབ་ཀྱི་སྐོར་དང་པོའི་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་རྟེན་གཞི་གསར་འཛུགས་སྡེ་ཁག་ཏུ་གཏན་ཁེལ་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཆི་ལེན་ཤྭ་གསོ་ར་བ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གཉིས་དེའི་ཁྲོད་ཚུད་ཡོད།
མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བདེ་ཐང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དེ་མིག་སྔར་ད་རུང་འགོ་རྩོམ་པའི་དུས་རིམ་དུ་གནས་ཡོད་ནའང་། མཚོ་སྔོན་ཞིང་ཆེན་ལ་ཕུན་སུམ་ཚོགས་པའི་བདེ་ཐང་ཡུལ་སྐོར་ཐོན་ཁུངས་ཡོད། ཆི་ལེན་ཤྭ་གསོ་ར་བ་ནི་ཨེ་ཤ་ཡ་གླིང་གི་ཆེས་ཆེ་བའི་རི་སྐྱེས་ཤྭ་བོ་གསོ་སྐྱོང་བྱེད་པའི་རྟེན་གཞི་ཡིན་པ་དང་མཚོ་བྱང་ཁུལ་ཆི་ལེན་རྫོང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ཡིན། ཞིང་ཆེན་བོད་སྨན་ཁང་གིས་བོད་ལུགས་གསོ་རིག་སྨན་བཅོས་དང་ཚན་རྩལ་ཞིབ་འཇུག་སོགས་གཅིག་བསྡུས་བྱས་ཡོད་པར་མ་ཟད། ཁྱད་ཆོས་སྣ་མང་གི་ལུས་གསོ་ལས་གཞི་མང་པོ་ཡོད་ཟེར།
ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྐོར་དང་དེང་རབས་ཞབས་ཞུ་མཉམ་བསྲེས་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ལྷག་པར་དུ་ཡུལ་སྐོར་དང་བདེ་ཐང་ཕྱོགས་ནས། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་རྒྱུ་ཡིན་པ་དང་ཞིང་ཆེན་བོད་སྨན་ཁང་དང་བོད་ལུགས་གསོ་རིག་བཤམས་སྟོན་ཁང་། བོད་ལུགས་སྨན་རྗས་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་བྱེད་ཡུལ་བཅས་ལ་བརྟེན་ནས། བོད་ལུགས་གསོ་རིག་གི་ལུས་གསོ་བདེ་སྲུང་ལྟེ་གནས་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་་གཏོང་བ་དང་བོད་ཀྱི་སྨན་ལུམ་སོགས་བདེ་སྲུང་ལས་གཞི་དང་བོད་ལུགས་གསོ་རིག་རིག་གནས་ཡུལ་སྐོར་ཐོན་རྫས་སོགས་གསར་སྤེལ་བྱེད་རྒྱུ་རེད། ཡུལ་སྐོར་ཐོན་རྫས་མང་པོར་བརྟེན་ནས་ཡུལ་སྐོར་བ་མང་པོ་ནང་འདྲེན་བྱེད་པ་དང་དུས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་དང་ཀྲུང་ལུགས་གསོ་རིག་བདེ་ཐང་ཞབས་ཞུ་ལས་རིགས་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།