མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བའི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་བྱ་བའི་ཆེད་མཁས་ཚོགས་པ་མཚོ་ནུབ་ཁུལ་དུ་སོང་སྟེ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་དམངས་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་ཚོགས་པའི་མཉམ་ལས་གྲོས་མཐུན་
2018.03.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་བའི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་བྱ་བའི་ཆེད་མཁས་ཚོགས་པ་མཚོ་ནུབ་ཁུལ་དུ་སོང་སྟེ་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་དམངས་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་ཚོགས་པའི་མཉམ་ལས་གྲོས་མཐུན་ཡི་གེ་བཀོད།

གྲོས་མཐུན་འགོད་པའི་མཛད་སྒོའི་སྟེང་། ཞིང་ཆེན་མི་དམངས་སྨན་ཁང་ལྔ་བའི་ཡོན་ཀྲང་ཚེ་རྡོ་ཡིས་སྨན་ཁང་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་ལས་དོན་མཐོར་འདེགས་གཏོང་བ་དེ་འགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་པ་དང་ཆེད་མཁས་པ་མངགས་པ་དང་སྨན་བཅོས་ལས་གཞི་ལག་བསྟར་བྱེད་པར་བརྟེན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མངོན་འགྱུར་བྱེད་དགོས་པ་དང་གཞི་རིམ་གྱི་ནད་པ་དག་གིས་རང་ཕ་ཡུལ་ནས་ཞིང་ཆེན་རིམ་པའི་ཆེད་མཁས་པའི་ནད་གཞི་བརྟག་དཔྱད་དང་སྨན་བཅོས་མྱོང་ཐུབ་པ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ཐེམ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་མཱ་ཞོའེ་ཐེ་ཡིས་བཤད་རྒྱུར། སྨན་ཁང་གཉིས་ཀྱིས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་མཉམ་ལས་འབྲེལ་བ་བཙུགས་པ་དེས་རྗེས་ཕྱོགས་སྨན་བཅོས་མཉམ་འབྲེལ་ཚོགས་པའི་སྒྲོག་གཞིའི་ནང་ཐེམ་ཆེན་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་བར་སྐུལ་ཁྲིད་དང་ལེགས་བཅོས། མཐོར་འདེགས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཟེར།

མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒའི་རྗེས་སུ། ཆེད་མཁས་ཚོགས་པས་ཐེམ་ཆེན་རྫོང་མི་དམངས་སྨན་ཁང་དང་ཆེད་མཁས་པའི་མལ་ཁང་ལ་ལྟ་སྐོར་བྱས་པ་དང་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་སྨན་ཁང་གི་སྒྲིག་ཆས་འཛུགས་སྐྲུན་དང་སྨན་བཅོས་ལག་རྩལ་དངོས་ཤུགས། རིག་གནས་ཚན་རྩལ་ཞིབ་འཇུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཚེ་རྡོས་བཤད་རྒྱུར། ཐེངས་འདིའི་ཐེམ་ཆེན་རྫོང་མི་དམངས་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་ཚོགས་པའི་མཉམ་ལས་འབྲེལ་བ་བཙུགས་པ་དེས་ཐེམ་ཆེན་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཆུ་ཚད་དང་ནུས་པ་མཐོར་འདེགས་གཏོང་ཐུབ་པ་དང་། ངེད་སྨན་ཁང་གི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན། ང་ཚོས་མུ་མཐུད་དུ་སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འཚོལ་ཞིབ་དང་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། བྱ་བའི་འདུ་ཤེས་བསྒྱུར་བ་དང་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ་འགུལ་སྐྱོད་དངོས་ལ་བརྟེན་ནས་སྨན་བཅོས་བཅོས་སྒྱུར་ཐད་ཀྱི་སྲིད་ཇུས་གསར་པ་དོན་འཁྱོལ་བྱེད་པ་དང་སྨན་བཅོས་མཉམ་འབྲེལ་ཚོགས་པའི་བྱ་བ་སྟོབས་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།