ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཀྲུང་དབྱང་ཞིང་སྡེ་དང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཡང་དག་པའི་སྒོ་ནས་དྲིལ་སྒྲོག་གཏིང་ཟབ་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་སྐོར་སྐྱོད་སྒྲོག་འགྲེལ་ཚན་ཆུང་འཁོར་དང་བཅས་པ་ཁམས་ར་གྲོང་རྡལ་དང་སྣང་ར་ཞང་། གཅན་ཚ་ཐང་ཞང་། ནང་ཁོག་ཞང་། དོ་རྒྱ་ལས་དོན་ཁྲུའུ། སྐྱ་རྒྱ་ཞང་། ཚོ་དྲུག་ཞང་སོགས་སུ་སོང་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་སྤེལ།
ཞང་དང་གྲོང་རྡལ་སོ་སོ་ནས་སྒྲོག་འགྲེལ་བྱེད་པའི་གོ་རིམ་ཁྲོད། ཁུལ་དང་རྫོང་གི་སྒྲོག་འགྲེལ་ཚན་ཆུང་གི་མི་སྣས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཏང་གི་ལོ་རྒྱུས་དང་ཟུང་སྦྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ཚང་འཛོམས་གྲོས་ཚོགས་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་བཅས་རེ་རེ་བཞིན་གསལ་འགྲེལ་བྱས་པར་མ་ཟད། རོང་འབྲོག་ཁུལ་གྱི་བྱ་བ་དངོས་ལ་གཞིགས་ནས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་གི་ཞིང་དར་ཞིང་ཕན་སྲིད་ཇུས་དང་། རྩྭ་ཐང་ཁ་གསབ། གནད་འཁེལ་དབུལ་སྐྱོར། ཞིང་སྡེ་དར་རྒྱས་འཐབ་ཇུས། མི་རིགས་ཆོས་ལུགས་དང་“རྒྱལ་གཅེས་དང་དྲིན་བཟོ། མཐུན་སྒྲིལ། ཁྲིམས་སྐྱོང ”སོགས་ཀྱི་འབྲེལ་ཡོད་ནང་དོན་ཐད་ནས་དབྱེ་ཞིབ་བྱས་པ་དང་། ཧུར་ཐག་གིས་ཞང་དང་གྲོང་རྡལ་གྱི་ལས་བྱེད་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་“ཁ་འབྲལ་ཐབས་མེད་པ་གསུམ”དང་“མོས་མཐུན་ལྔ”ཡི་བསམ་བློ་རྒྱུད་ལ་བརྟན་པོ་ཆགས་པར་བྱས་ཤིང་། སྒྲོག་འགྲེལ་གྱི་གོ་རིམ་ཧྲིལ་བོར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
སྒྲོག་འགྲེལ་བྱ་འགུལ་གྱི་ཡུལ་དངོས་སུ། རོང་འབྲོག་མང་ཚོགས་ཀྱིས་རང་ཉིད་ཀྱི་གནས་ཚུལ་དང་ཟུང་དུ་སྦྲེལ་ནས་དྲི་བ་བཏོན་པ་དང་། སྒྲོག་འགྲེལ་ཚན་ཆུང་གི་མི་སྣས་མང་ཚོགས་ལ་གོ་སླ་བའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དངོས་དཔེ་དྲངས་ཏེ་ནན་ཏན་གྱིས་ལན་བཏབ། སྒྲོག་འགྲེལ་བྱ་འགུལ་བརྒྱུད་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་གི་དམངས་ཕན་སྲིད་ཇུས་ལ་རྒྱུས་ལོན་བྱེད་དུ་བཅུག་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་མི་སྣ་ཡོངས་ལ་སྐུལ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་མཛུབ་སྟོན་དུ་བྱེད་པ་དང་། རང་འཁྲིའི་ལས་འགན་ལ་རྐང་བཙུགས་ནས་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ལ་ཤུགས་སྣོན་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཐབས་ལམ་གསར་བ་བརྩོན་ལེན་བྱེད་ཆེད་འབད་འབུངས་ཧུར་སྐྱེད་བྱེད་དུ་བཅུག
མིག་སྔའི་བར་དུ། གཅན་ཚ་རྫོང་གིས་སྔ་གཞུག་ཏུ་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་ཐེངས་བརྒྱད་ལ་བསྒྲུབས་པ་དང་། ཞང་དང་གྲོང་རྡལ་སོ་སོའི་ལས་བྱེད་པ་དང་། སྡེ་བ་སོ་སོའི་ཧྲུའུ་ཅི་དང་པོ། སྡེ་སྡོད་དབུལ་སྐྱོར་བྱ་བའི་རུ་ཁག་གི་མི་སྣ། འབྲེལ་གནས་ལས་ཁུངས་ཀྱི་མི་སྣ། ས་ཚིགས་སོ་སོའི་འགན་ཁུར་བ། སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགན་ཁུར་བ་དང་རོང་འབྲོག་མང་ཚོགས་བཅས་བསྡོམས་པས་མི་སྟོང་གསུམ་དང་བརྒྱད་བརྒྱ་སྒྲོག་འགྲེལ་བྱ་འགུལ་ལ་ཞུགས་པ་དང་། རྫོང་ཡོངས་ཀྱི་“གཉིས་བཤད་གསུམ་སྐུལ་བཞི་སྐྱེལ”གྱི་ཁུལ་དང་རྫོང་གི་སྐོར་སྐྱོད་སྒྲོག་འགྲེལ་བྱ་འགུལ་ཞང་དང་གྲོང་རྡལ་གཞན་དག་ནས་མུ་མཐུད་དུ་སྤེལ་རྒྱུ་རེད།