རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ལ་ཉིས་སྟོང་བཅོ་བརྒྱད་ལོའི་ནོར་སྲིད་སྔོན་རྩིས་ཁྲོད་ཀྱི་རྒུད་གསབ་ལས་སྤྲོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དྲུག་སྔོན་ལ་བཏང་།
2018.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་རྒུད་གསབ་ལས་སྤྲོད་མ་དངུལ་སྔོན་ལ་སྟེར་བའི་འཆར་གཞིའི་སྐོར་གྱི་བརྡ་ཐོ་ལྟར། མཚོ་སྔོན་ཞིང་ཆེན་ལ་ཉིས་སྟོང་བཅོ་བརྒྱད་ལོའི་ནོར་སྲིད་སྔོན་རྩིས་ཁྲོད་ཀྱི་རྒུད་གསབ་ལས་སྤྲོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་དྲུག་སྔོན་ལ་བཏང་བ་དང་། ཉིས་སྟོང་བཅུ་བདུན་ལོ་དང་བསྡུར་ན་སྒོར་དུང་ཕྱུར་གཅིག་དང་ས་ཡ་གཉིས་ཀྱིས་ཇེ་མང་དུ་སོང་ཡོད།

བརྡ་ཐོའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ནང་ཁུལ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཐད་གནས་པའི་འབུར་ཐོན་གནད་དོན་དང་དཀའ་གནད་ལ་དམ་དུ་དམིགས་ནས། ས་གནས་ཀྱི་འབྲེལ་ཡོད་དགོས་མཁོ་དང་བསམ་འཆར་གང་ལེགས་སྒོས་བསྡུ་ལེན་བྱས་ཏེ་རྒུད་གསབ་ལས་སྤྲོད་ལས་གཞིས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་སྒྱུར་བྱེད་པར་སྣེ་ཁྲིད་བྱེད་པའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་གཏོང་བར་འགན་སྲུང་བྱེད་བཞིན་ཡོད། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་སྙན་སེང་བྱེད་པའི་ཐོ་འགོད་བྱ་བ་སོགས་ཡོངས་གྲུབ་བྱས་ཡོད་པར་མ་ཟད། རྫོང་སོ་སོས་དབུལ་ཕོངས་མང་ཚོགས་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཞུགས་པའི་རྩ་འཛུགས་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། མིས་བཟོས་ལག་རྩལ་བཀོལ་ཆོག་སར་གང་ནུས་ཀྱིས་འཕྲུལ་ཆས་མི་བཀོལ་བ་སོགས་བྱས་ཏེ་དུས་ཐོག་ཏུ་ངལ་ལས་གླ་ཆ་འདང་ངེས་ཤིག་སྟེར་བར་འགན་སྲུང་བྱེད་པ་དང་། ཐོན་སྐྱེད་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་མཉམ་དུ་ཤུགས་ཆེན་པོས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད།