མཁར་ཞང་གི་རྣམ་པ་དང་མི་སྡོད་ཁོར་ཡུག་སྔར་ལས་ལེགས་བཅོས་བྱེད་ཆེད། ད་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་རྒྱལ་ཁབ་ཀྱིས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་དེ་འགོ་རྩོམ་སར་བྱས་ཏེ་རྫོང་དང་ཞང་། སྡེ་བ་བཅས་མཉམ་འགུལ་བྱེད་པ་རྒྱུན་འཁྱོངས་དང་། གཅིག་གྱུར་འཆར་འགོད་དང་དམིགས་འབེན་གཏན་ཁེལ། བྱེད་ཐབས་ཇེ་དྲག ནང་རྐྱེན་ལེགས་བཅོས་བཅས་བྱས་ཏེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གད་སྙིགས་མེད་པར་བྱེད་པའི་ཆེད་དམིགས་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ་ཁྱིམ་གཞི་མཛེས་པ་དང་སྡེ་བ་དང་གཞིས་ཁུལ་མཛེས་པ། དགོན་སྡེ་མཛེས་པ། ཞང་གྲོང་མཛེས་པ། རྫོང་མཁར་མཛེས་པ་བཅས་ཀྱི་མཛེས་པ་ལྔའི་རྫོང་ཁོངས་ཡོངས་སུ་གད་སྙིགས་མེད་པར་བྱེད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་བཞིན་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། རྨ་ཆེན་རྫོང་གིས་རྫོང་ཁོངས་ཡོངས་སུ་གད་སྙིགས་མེད་པར་བྱེད་པའི་ཆེད་དམིགས་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། དར་དམར་དང་བླངས་ཞབས་ཞུའི་རུ་ཁག་ཅིག་རྩ་འཛུགས་བྱས་པ་དང་རྫོང་ཡོངས་ཀྱི་ཞང་གྲོང་སོ་སོར་ཁེབས་པར་མ་ཟད། དམངས་ཡོངས་ཟབ་ཞུགས་དང་རྒྱུན་རྣམ་བཅོས་སྐྱོང་གཞིར་བཟུང་བའི་ཡུན་ཕན་ནང་རྐྱེན་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཟབ་ཞུགས་བྱེད་པའི་རང་འགུལ་རང་བཞིན་སྐུལ་སློང་བྱས་པ་དང་དམངས་ཡོངས་ཀྱིས་མཐོང་ཆེན་བྱེད་པ་དང་དམངས་ཡོངས་སྐུལ་སློང་བྱེད་པ། དམངས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་གྲུབ་པར་བྱས། ཁོར་ཡུག་སྲུང་སྐྱོབ་ཉིན་མོ་དང་དང་བླངས་པའི་ཞབས་ཞུ་སོགས་བྱ་བ་སྤེལ་བ་བརྒྱུད། སྲང་ལམ་སོ་སོ་དང་མཐའ་འཁོར་གྱི་སྤྱི་ཐུན་ཁོར་ཡུག་འཕྲོད་བསྟེན། ཁོངས་གཏོགས་ཀྱི་ཆུ་འགྲམ་སོགས་སུ་རྒྱུན་རྣམ་ཅན་གྱི་གཙང་བཤེར་བྱ་འགུལ་སྤེལ་ཏེ་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་བཅས་རིམ་བཞིན་མངོན་འགྱུར་བྱས།
དེ་དང་མཉམ་དུ། རྨ་ཆེན་རྫོང་གིས་ཆུ་བདག་ལམ་ལུགས་ཀྱི་འགན་འཁྲིའི་མ་ལག་རྒྱུན་ཆད་མེད་པར་དོན་འཁྱོལ་བྱས་པ་དང་ཆུ་འགྲམ་ཁོར་ཡུག་ལ་ཆེད་དམིགས་བཅོས་སྐྱོང་བྱས་པར་མ་ཟད། སྔ་གཞུག་ཏུ་རྨ་ཆེན་རྫོང་གི་ཆུ་འགྲམ་དུ་ཁྲིམས་འགལ་གྱིས་རྡོ་སེག་རྐོ་བར་དག་ཐེར་བཅོས་སྐྱོང་བྱེད་པའི་ལག་བསྟར་ཇུས་གཞི་སོགས་གཏན་ཁེལ་བྱས་པ་དང་ཆུ་འགྲམ་དུ་ཁྲིམས་འགལ་གྱིས་རྡོ་སེག་རྐོ་བར་རྡུང་རྡེག་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་། ཆུའི་ཁོར་ཡུག་སྤུས་ཚད་དཔྱད་ཞིབ་བྱ་བ་ཇེ་དྲག་ཏུ་བཏང་སྟེ་ཆུའི་བཞུར་རྒྱུན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཆུ་ནང་གི་སྙིགས་རོ་དང་ཆུ་འགྲམ་གྱི་གད་སྙིགས་སོགས་གཙོ་བོར་བཟུང་སྟེ་ཆེད་དམིགས་བཅོས་སྐྱོང་བྱ་བ་སྤེལ་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་རྫོང་ཁོངས་གཏོགས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱས།
མིག་སྔའི་བར། རྨ་ཆེན་རྫོང་གི་སྡེ་བ་དང་གཞིས་ཁུལ་ཞེ་གསུམ་དུ་གད་སྙིགས་མེད་པར་བྱེད་པའི་བཅོས་སྐྱོང་བྱ་འགུལ་སྤེལ་ཡོད་པ་དང་། རྫོང་དང་ཞང་གི་ལས་བྱེད་པ་དང་མང་ཚོགས་བཞི་བརྒྱ་ལྷག་བཅོས་སྐྱོང་བྱ་འགུལ་ཁྲོད་ཞུགས་ཡོད་ལ། རིགས་སོ་སོའི་གད་སྙིགས་ཏུན་བརྒྱ་ལྷག་གཙང་སེལ་བྱས་ཟིན། མགོ་ལོག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྨ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་ལིག་ཙི་ཅོན་གྱིས་བཤད་རྒྱུར། ཐེངས་འདིའི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ལག་ལེན་བྱ་འགུལ་འདི་ནི་ང་ཚོས་སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་ནུས་ཡོད་སྒོས་རྫོང་ཡོངས་ཀྱི་གད་སྙིགས་འབག་བཙོག་གི་གནད་དོན་ཚོད་འཛིན་བྱེད་ཐུབ་པ་དང་མི་སྡོད་ཁོར་ཡུག་ལ་མངོན་གསལ་གྱིས་ལེགས་བཅོས་བྱེད་ཐུབ་པར་མ་ཟད། རྫོང་དང་ཞང་གི་རྣམ་པ་མངོན་གསལ་གྱིས་མཐོར་འདེགས་གཏོང་ཐུབ་ཟེར།