ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་ལས་འཛིན་གྲོས་ཚོགས་སྐབས་གཉིས་པའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེབས་རྩ་ཚོགས་པ་འདི་ཉིད་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཅིག་པའི་ནང་དངོས་སུ་བཙུགས་པ་ནས་བཟུང་། སྔ་རྗེས་སུ་སྤྱི་ཕན་ལས་གཞི་རིགས་མང་པོ་གཉེར་བ་དང་། མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་ཡི་རིན་ཚད་དང་མཉམ་པའི་མ་དངུལ་དང་དངོས་ཟོག་བསྡུ་གསོག་བྱས་ཏེ། མཚོ་སྔོན་གྱི་དབུལ་ཕོངས་བུད་མེད་དང་བྱིས་པ་འབུམ་གཉིས་ལྷག་ལ་ལས་གཞི་སྣ་མང་བསྒྲུབས་ནས་ཕན་བདེ་བསྐྲུན།
ཐེབས་རྩ་ཚོགས་པ་འདིས་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བརྒྱད་པའི་ནང་དུ་ཁྱོན་ཡོངས་ནས་དབུལ་ཕོངས་མ་ཡུམ་ལ་བརྩེ་བ་སྦྱིན་པ་བརྗོད་དོན་ཡིན་པའི་་སྤྱི་ཕན་ལས་གཞི་ཆེ་གྲས་ཤིག་གཉེར། ཉེ་བའི་ལོ་འདི་དག་གི་རིང་ལ། ཐེབས་རྩ་ཚོགས་པས་སྔ་གཞུག་ཏུ་ཁྱོན་བསྡོམས་མ་དངུལ་སྒོར་ས་ཡ་ལྔ་ལྷག་བསྡུ་ཉར་བྱས་ཏེ་དབུལ་ཕོངས་མ་ཡུམ་ལ་བརྩེ་བ་སྦྱིན་པའི་ལས་གཞིའི་སྟེང་བཏང་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མ་ཡུམ་ཁྲི་ལྔ་ལྷག་ལ་ཕན་བདེ་ལས་གཞིས་ཁེབས་པར་བྱས། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོའི་ནང་དུ། ཐེབས་རྩ་ཚོགས་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གཉིས་ནས་སོ་སོར་མ་ཡུམ་བརྒྱ་ལྷག་ལ་ཕན་བདེ་བསྐྲུན།
སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་མཁར་གྲོང་གི་དབུལ་ཕོངས་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པར་བརྩེ་སེམས་འབུལ་ཆེད། ཐེབས་རྩ་ཚོགས་པས་སྔ་གཞུག་བྱས་ཏེ་མ་དངུལ་བརྩོན་ལེན་བྱས་ནས། སློབ་ལྭ་འབུལ་བ་དང་སློབ་གྲྭར་མངགས་པ། དགེ་མཛོད་ཁང་བསྐྲུན་པ། སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་འགུལ་དང་ལས་གཞི་སྣ་མང་བསྒྲུབས་ནས། དབུལ་ཕོངས་ས་ཁུལ་གྱི་སློབ་སྒྲུབ་ཁོར་ཡུག་ལེགས་བཅོས་དང་། བྱིས་པ་སློབ་གྲྭ་འགྲིམ་པར་རོགས་རམ། བྱིས་པའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་ལ་འབད་མཐར། སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་ཁྱིམ་ཚང་དབུལ་ཕོངས་དང་དཀའ་ངལ་ཆེ་བའི་བྱིས་པའི་གནས་བབ་ལེགས་སྒྱུར་བྱས།