ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གདམ་མངག་སློབ་མ་བརྒྱད་བརྒྱ་བསྡུ་ལེན་བྱེད་རྒྱུ་རེད།
2018.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཀྱིས2018ལོའི་གདམ་མངག་སློབ་མའི་བྱ་བ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་སྤེལ་ནས། ཞིང་ཆེན་ཕྱི་ནང་ནས་མཐོ་རིམ་སློབ་ཆེན་གྱི་ད་ལོར་མཐར་ཕྱིན་པའི་སློབ་མ་དང་ཞིང་ཆེན་ནང་ཁུལ་གྱི་གཞི་རིམ་ལ་ཞབས་འདེགས་ཞུ་བའི་རྣམ་གྲངས་རིགས་བཞིའི་མི་སྣའི་ཁྲོད་ནས་ཕུལ་བྱུང་སློབ་ཆེན་སློབ་མ་དྲུག་བརྒྱ་བདམས་ནས་གཞི་རིམ་དུ་བྱ་བ་བསྒྲུབ་པར་མངག་རྒྱུ་ཡིན་པ་དང་། དེའི་ཁྲོད་སྲིད་འཛིན་ལས་ཁུངས་ལ་མི་ཉིས་བརྒྱ་དང་ལས་དོན་སྡེ་ཁག་ལ་མི་བཞི་བརྒྱ་བཀོད་སྒྲིག་བྱེད་རྒྱུ་རེད། དེ་དང་མཉམ་དུ། རྒྱལ་ནང་གི་མཐོ་རིམ་སློབ་ཆེན་གཙོ་བོར་ཁ་གཏད་དེ་ཕུལ་བྱུང་གི་མཐར་ཕྱིན་སློབ་ཆེན་སློབ་མ་ཉིས་བརྒྱ་གདམ་མངག་བྱེད་རྒྱུའི་འཆར་གཞི་བཟོས་ཡོད། བསྡོམས་པས་གདམ་མངག་སློབ་མའི་མི་གྲངས་བརྒྱད་བརྒྱ་རུ་སླེབས་པར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས1999ལོར་གདམ་མངག་སློབ་མའི་བྱ་བ་སྤེལ་བའི་ཚུན་གྱི་གདམ་མངག་སློབ་མ་ཆེས་མང་པའི་ལོར་གྱུར། དེས་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་བྱ་བའི་སྟོབས་ཤུགས་ཁ་གསབ་བྱེད་པ་དང་ལས་བྱེད་པའི་དཔུང་སྡེའི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། ལས་བྱེད་པའི་དཔུང་སྡེ་ཡི་འགོ་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ།

ད་ལོའི་གདམ་མངག་སློབ་མའི་བྱ་བའི་ཐད་ནས་ཀྲུང་དབྱང་གི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་དང་གདམ་མངག་སློབ་མའི་བྱ་བའི་སྦྲེལ་མཐུད་སྐོར་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་དུ་ལོ་གཉིས་ཡན་ཞབས་འདེགས་ཞུས་པ་དང་། ཕུལ་དུ་བྱུང་བའི་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་ཁྲོད་ནས་མི་ཉིས་བརྒྱ་གདམ་མངག་བྱེད་པ་མ་ཟད། མཚོ་སྔོན་ལྷོ་རྒྱུད་ཁུལ་གསུམ་གྱི་རྒྱུགས་ལེན་མིང་འགོད་ཆ་རྐྱེན་སློབ་གྲྭ་ཆེན་མོའི་ཆེད་སྦྱོང་དུ་བཏང་ལྷོད་བྱེད་རྒྱུ་རེད། དེ་དང་མཉམ་དུ། ད་ལོར་མཐར་ཕྱིན་པའི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་སྔོན་དུ་དབུལ་ཕོངས་སྡེ་བ་རུ་ཞབས་འདེགས་ཞུ་བར་མངག་རྒྱུ་ཡིན་པ་དང་། ལོ་གཉིས་ལ་ཞབས་འདེགས་ཞུས་རྗེས། ཕྱིར་ཞང་དང་གྲོང་རྡལ་གྱི་ལས་གནས་སྟེང་ལོག་ནས་ལས་ཀ་བསྒྲུབ་སྟེ། གནད་ཕིགས་དབུལ་ཐར་ཐད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།

མིག་སྔར། གདམ་མངག་སློབ་མའི་མིང་ཐོ་འགོད་པའི་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། མིང་ཐོ་བཀོད་ཚར་རྗེས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཐོབ་ཐབ་ཞིབ་བཤེར་དང་ཡིག་རྒྱུགས། ཁ་རྒྱུགས་སོགས་ཀྱི་རྗེས་མཐུད་བྱ་བ་སྤེལ་རྒྱུ་རེད།