དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་གཟབ་ནན་གྱིས་དམ་འཛིན་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་སྟོབས་ཤུགས་ཡོད་རྒུས་དཔྱིད་འདེབས་དངོས་རྫས་སྐྱེལ་འདྲེན་དང་ཞིང་ལས་འཕྲུལ་ཆས་ཞིག་གསོ་སྦྱོང་སོགས་དཔྱིད་འདེབས་གྲ་སྒྲིག་བྱ་བ་སྤེལ་ཏེ་རྫོང་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་བདེ་བླག་ངང་སྤེལ་ཐུབ་པར་འགན་སྲུང་བྱེད་བཞིན་ཡོད།
མིག་སྔའི་བར། ཐུན་ཏེ་རྫོང་ཞིང་ལས་ཚོང་ལས་དངུལ་ཁང་གིས་བསྡོམས་པས་དངུལ་བུན་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་ལྔ་བཏང་བ་དང་། རིགས་མི་འདྲ་བའི་དཔྱིད་འདེབས་དངོས་རྫས་ཏུན་བཞི་བརྒྱ་ལྔ་བཅུ་ལྷག་སྐྱེལ་འདྲེན་བྱས། དེའི་ཁྲོད་རྫས་ལུད་ཏུན་ཉིས་བརྒྱ་དང་གོ་ལྔ་དང་ཞིང་སྤྱོད་ཁྲའེ་ཡིའུ་སྣུམ་ཏུན་ཉེར་དགུ་ལྷག སོན་བཟང་ལོ་ཏོག་ཏུན་བརྒྱ་དང་ཉེར་བཞི་བཅས་ཡོད།
དེ་ལས་གཞན། ཐུན་ཏེ་རྫོང་གིས་ཆེད་དུ་དཔྱིད་འདེབས་ཞིང་ལས་ལག་རྩལ་ཞབས་ཞུ་རུ་ཁག་རྩ་འཛུགས་བྱས་ཏེ་འབྲེལ་ཡོད་སྡེ་ཁག་ཏུ་་ཟབ་ཞུགས་བྱེད་དུ་བཅུག་ནས་དཔྱིད་འདེབས་ཤེས་བྱ་དྲིལ་སྒྲོག་དང་ཞིང་ལས་འཕྲུལ་ཆས་ཞིག་གསོ་གསོ་སྦྱོང་འཛིན་གྲྭ་ཐེངས་བཞིར་བསྒྲུབས་པ་དང་། བསྡོམས་པས་མི་ལྔ་བརྒྱ་བརྒྱད་ཅུར་གསོ་སྦྱོང་བྱས།