རང་བྱུང་རྩྭ་སའི་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་རྣམ་པ་སྒྱུར་བར་སྐུལ་འདེད་བྱེད་ཆེད། ཉིན་འགའི་སྔོན་ལ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ལ2018ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་ལྔ་འབུམ་བརྒྱད་ཁྲི་དགུ་བྱིན་ནས། གཙོ་བོ་རྩྭ་ས་མུའུ་ས་ཡ་དགུ་ལ་ར་བསྐོར་བ་དང་། ཞན་འགྱུར་རྩྭ་ས་མུའུ་འབུམ་བདུན་དང་ཁྲི་བདུན་ལེགས་སྒྱུར་བྱེད་པ། མིས་བཟོས་གཟན་རྩྭ་ཁུལ་མུའུ་ཁྲི་ལྔ་འཛུགས་སྐྲུན་བྱེད་པ། ས་ནག་ཐང་མུའུ་འབུམ་གཅིག་བཅོས་སྐྱོང་བྱེད་པ། དུག་རྩྭ་མུའུ་འབུམ་གཅིག་བཅོས་སྐྱོང་བྱེད་པ། ཕྱུགས་ར་སྟོང་ལྔ་བསྐོར་བ་བཅས་ཀྱི་ཐད་དུ་བཀོལ་སྤྱོད་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བཟོ་སྐྲུན་འཛུགས་སྐྲུན་འགན་ཁུར་དང་དངུལ་གཏོང་འཆར་གཞི་ཁག་བགོས་ཏེ་ལས་གཞི་སོ་སོའི་རྫོང་ལ་བྱིན་ཟིན་པ་དང་། ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད་དེ། སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་ཁུལ་གྱི་རྩྭ་སའི་སྔོ་ཁེབས་སླར་གསོ་བྱེད་པ་དང་། སྔོ་ཁེབས་ཀྱི་ཚད་དང་ཕྱུགས་རྩྭའི་ཐོན་ཚད་མཐོར་འདེགས་སུ་བཏང་ནས། རིམ་བཞིན་སྤུས་ལེགས་ཕྱུགས་རྩྭའི་བསྡུར་ཚད་ཇེ་མང་དུ་བཏང་སྟེ། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་གཏོང་རྒྱུ་རེད། གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་མགྱོགས་མྱུར་ངང་ཞིང་ཆེན་རིམ་པའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་རྒྱུ་ཡིན་པར་མ་ཟད། ས་ཁུལ་སོ་སོས་རྫོང་རིམ་པའི་བྱ་བའི་འཆར་གཞི་གཏན་འབེབས་བཟོ་བར་སྐུལ་འདེད་བྱས་ཏེ་འཛུགས་སྐྲུན་ལས་གཞི་སྔ་མོ་ནས་ལས་འགོ་རྩོམ་པར་བརྩོན་ལེན་བྱེད་པ་དང་། འཛུགས་སྐྲུན་འགན་ཁུར་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་བཟོ་སྐྲུན་སྔ་མོ་ནས་ཡོངས་འགྲུབ་བྱས་ཏེ་ཕན་ནུས་འདོན་སྤེལ་བྱེད་པར་སྐུལ་འདེད་བྱེད་རྒྱུ་རེད།