ཟླ3པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཧུར་ཐག་གིས་བརྩོན་ལེན་བྱས་པ་བརྒྱུད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2018ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་ལ་རྒྱབ་སྐྱོར་བྱེད་པར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བཞི་བཀོད་སྒྲིག་བྱས་ཤིང་། དེ2017ལོ་དང་བསྡུར་ན་བརྒྱ་ཆའི་ཉེར་གཉིས་ཀྱིས་ཇེ་མཐོར་སོང་ཡོད།
བཀོད་སྒྲིག་ལས་གཞི་དུས་ཐོག་ཏུ་ལས་འགོ་རྩོམ་པ་དང་མགྱོགས་མྱུར་ངང་ཡོངས་འགྲུབ་བྱེད་པ། ཕན་ནུས་འདོན་སྤེལ་བྱེད་པར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་དངུལ་གཏོང་འཆར་གཞི་ཁག་བགོས་ཏེ་མར་བྱིན་པ་དང་། བཀོད་སྒྲིག་ལས་གཞིའི་ཁྲོད་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་དཀའ་ཁག་ཅན་གྱི་མུ་འབྲེལ་ས་ཁུལ་འདུས་ཡོད་ཅིང་། མཚོ་ཤར་དང་རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ། ཡུས་ཧྲུའུ། མགོ་ལོག་སོགས་ས་ཁུལ་གྱི་ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་འཛུགས་སྐྲུན་ལས་གཞི་བཅུ་དགུ་བཀོད་སྒྲིག་བྱས་ཡོད།
མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་དབུལ་སྐྱོར་བ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། འགྲིམ་འགྲུལ་དབུལ་སྐྱོར་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བར་མ་ཆད་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཡར་ཞུ་སྦྲེལ་མཐུད་བྱ་བར་ཤུགས་སྣོན་བྱས་ཤིང་། རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་འཛུགས་སྐྲུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་བརྩོན་ལེན་བྱས། ཞིང་སྡེའི་དབུལ་སྐྱོར་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཡོངས་འགྲུབ་བྱེད་པ་དེས། ནུས་ཡོད་སྒོས་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་གྱི་འགྲིམ་འགྲུལ་འཁོར་རྒྱུན་ཕྲ་མོ་ལེགས་སྒྱུར་བྱེད་པ་དང་། ས་གནས་རང་གི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། ས་གནས་རང་གི་མང་ཚོགས་རྣམས་སྒོ་ཕྱིར་འགྲོ་བར་སྟབས་བདེ་བསྐྲུན་ནས་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་དབུལ་ཐར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཐུབ།