ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན། ཉིས་སྟོང་བཅོ་བརྒྱད་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུ་ཟི་ལིང་ནས་སྤེལ། ད་ལོའི་དམིགས་འབེན་ནི་མ་དངུལ་སྒོར་དུང་ཕྱུར་དགུའི་དངུལ་གཏོང་དང་བབ་བསྟུན་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་དེ་རེད། ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་གཞུང་སྒྲུབ་ཁང་གིས་ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་ལྟར་སོ་སོར་ཡུའུ་ཧྲུའུ་དང་མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་ཁུལ་བཞི་དང་། ཞིང་ཆེན་ནགས་ལས་ཐིན་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་ཚན་རྩལ་ཐིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། རྨ་འབྲི་རྫ་གསུམ་སྡེ་ཚོགས་ཀུང་ཟི་སོགས་དང་དམིགས་འབེན་འགན་འཁྲིའི་ཡི་གེ་དང་སྲིད་གཙང་འགན་འཁྲིའི་ཡི་གེ་བཀོད།
ཉིས་སྟོང་བཅུ་བདུན་ལོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐབས་གཉིས་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ལོ་ཡིན། ལོ་ཧྲིལ་བོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་སྐྲུན་དངུལ་གཏོང་སྒོར་དུང་ཕྱུར་དགུ་དང་ས་ཡ་གཉིས་ཡོངས་གྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་ལོ་རེའི་དངུལ་གཏོང་དམིགས་འབེན་དང་འཛུགས་སྐྲུན་ལས་འགན་ཡོངས་གྲུབ་བྱས།
ཉིས་སྟོང་བཅོ་བརྒྱད་ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐབས་གཉིས་པའི་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་ལས་འགན་དེ་རྒྱལ་ཁབ་ཀྱིས་གསར་དུ་བཏང་བའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་ལས་གཞི་སོགས་ཀྱིས་གྲུབ་པ་ཡིན། དེའི་ཁྲོད་རྒྱལ་ཁབ་ཀྱིས་གསར་དུ་བཏང་བའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་ལས་གཞི་སྒོར་དུང་ཕྱུར་བདུན་ཡོད་པ་དང་། དེའི་ནང་ས་ནག་ཐང་བཅོས་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་བདུན་འབུམ་གཉིས་ཁྲི་ལྔ་གཏོང་རྒྱུ་ཡིན་པ་དང་སྐྱེ་ཁམས་དཔྱད་ཞིབ་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་དྲུག་ཁྲི་གཅིག་གཏོང་བ། མིས་བཟོས་ནགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་དྲུག་ཁྲི་བརྒྱད་གཏོང་བ། བྱེ་འགྱུར་འགོག་བཅོས་ཐད་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གཅིག་ཁྲི་ལྔ་གཏོང་བ་སོགས་འདུས།