ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་འཛུགས་འཛིན་པ་དང་། འཕེལ་རྒྱས་ལ་སྐུལ་བར་འབད་བརྩོན་བྱས་ཏེ། གཞི་རིམ་ཏང་འཛུགས་དང་། སྐྱེ་ཁམས་སྲུང་སྐྱོབ། གནད་ཕིགས་དབུལ་སྐྱོར། སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ། དཔལ་ཡོན་ཤེས་རིག་འཛུགས་སྐྲུན་བཅས་ཕྱོགས་དྲུག་གཞི་གཅིག་གི་དྲ་མིག་རང་བཞིན་གྱི་དོ་དམ་རྣམ་པ་འཛུགས་པར་ཤུགས་བསྣན་ནས། ཐོན་ཁུངས་ལེགས་བསྒྲིགས་བྱས་པ་བརྒྱུད། ཏང་རྩ་འཛུགས་དང་། ཏང་ཡོན། མང་ཚོགས་བཅས་ཀྱིས་དྲ་ངོས་གཅིག་ཏུ་གྲུབ་པར་བྱས་ལ། ཕྱོགས་ཡོངས་ནས་མཉམ་བསྐྱོད་མཉམ་འཕེལ་ཡོང་བ་མངོན་འགྱུར་བྱས། བྱེད་ཐབས་འདིས་ཞབས་ཞུའི་ཁེབས་ཚད་རྒྱ་བསྐྱེད་དེ་རྫོང་མཁར་དང་ཆེས་བར་ཐག་རིང་བའི་ཁྱིམ་ཚང་དག་ལ་ཐོན་ཏུ་བཅུག་སྟེ། མགོ་ལོག་ཁུལ་གྱི་ཏང་འཛུགས་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་ནས། རྣམ་པ་གསར་བ་དང་ཁྱད་ཆོས་གསར་བ་མངོན་དུ་བཅུག
ཐོག་མར་གནས་དྲུག་གཞི་གཅིག་གི་དྲ་མིག་རང་བཞིན་གྱི་ཏང་འཛུགས་རྣམ་པ་དོ་དམ་དང་། དྲ་ངོས་གཅིག་ཏུ་འཛུགས་པ་རྨང་གཞི་བྱས་ཏེ། ཁུལ་ཏང་ཨུ་ནས་རིམ་བཞིན་རྫོང་ཏང་ཨུ་དང་། ཞང་དང་གྲོང་རྡལ་ཏང་ཨུ། སྡེ་བ་དང་གཞིས་ཁུལ་གྱི་ཀྲི་པུའུ། རུ་ཁག ཡན་ལག་དྲ་མིག་བཅས་ཀྱི་དྲ་མིག་དོ་དམ་སྒྲིག་སྲོལ་བཙུགས་ཤིང་། བསྡོམས་པས་དྲ་མིག་ཆིག་སྟོང་སུམ་བརྒྱ་ཞེ་དྲུག་ཡོད། དྲ་མིག་ལས་འཛིན་པ་བདུན་སྟོང་དྲུག་བརྒྱ་ལྔ་བདུན་གྱིས་བྱ་བ་སྒྲུབ་ནས། ཏང་འཛུགས་བྱ་འགུལ་མཉམ་སྒྲུབ་དང་། དཀའ་ངལ་ཅན་གྱི་མང་ཚོགས་ལ་མཉམ་དུ་རོགས་རམ་བྱེད་པ། སྤྱི་ཐུན་བྱ་གཞག་མཉམ་དུ་སྒྲུབ་པ་བཅས་མངོན་འགྱུར་བྱས་ནས། དྲ་མིག་བྱ་གཞག་ལ་ཀུན་གྱིས་དོ་དམ་བྱེད་པ་དང་གཞི་རིམ་བྱ་གཞག་ལ་མཉམ་དུ་རོགས་རམ་བྱེད་པའི་མཁའ་དབུགས་ཤིག་ཆགས་སུ་བཅུག
དེའི་འཕྲོར་རྨང་གཞི་བརྟན་པོར་འདིང་བ་དང་། མི་འདང་སར་ཁ་གསབ་བྱེད་པ་གནད་སར་བརྩིས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་གཤིས་སློབ་གསོ་དང་། དབུལ་སྐྱོར། ཞིང་ཕྱུགས། ཁོར་སྲུང་། འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པ་བཅས་ནང་དོན་ཡིན་པའི་གསོ་སྦྱོང་སྤེལ། ཕྱི་རུ་གསོ་སྦྱོང་བྱས་ནས། ཁུལ་རིམ་པའི་གསོ་སྦྱོང་གསར་སྐྲུན་དང་། རྫོང་རིམ་པའི་གསོ་སྦྱོང་ལ་དོ་སྣང་། ཞང་རིམ་པའི་གསོ་སྦྱོང་ལ་དངོས་འབེབ་བཅས་ཀྱི་བྱེད་ཕྱོགས་ལྟར། མིག་སྔའི་བར་དུ་ལས་བྱེད་པ་ཉིས་ཁྲི་ཆིག་སྟོང་བརྒྱ་དང་སོ་བཞི་ལ་གསོ་སྦྱོང་བྱས་པ་དང་། དྲ་མིག་ལས་འཛིན་པ་ལ་གསོ་སྦྱོང་བྱས་པའི་མི་ཐེངས་སུམ་སྟོང་དྲུག་བརྒྱ་ལ་སླེབས་པས། རུ་དཔུང་སྟོབས་དང་ལྡན་པ་ཞིག་འཛུགས་སྐྲུན་བྱེད་པར་ཕན་ཡོད་ཆ་རྐྱེན་བསྐྲུན།
དེའི་རྗེས་སུ་མགོ་ལོག་ཁུལ་གྱིས་གཏིང་ཟབ་པའི་སྒོ་ནས་ཏང་ཡོན་རེ་ནི་དར་ཆ་རེ་ཡིན་པའི་གྲུབ་འབྲས་ངོམས་ཤིང་། ཁས་ལེན་དམ་བཅའ་གསལ་ཞིང་། རེའུ་མིག་ལྟར་དུ་ལས་ཕྱོད་ལ་བརྟག་པ་བརྗོད་དོན་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་དང་། ཏང་ཡོན་གྱིས་ཐད་ཀར་མང་ཚོགས་ལ་ཞབས་ཞུ་བྱེད་པ་དང་། ཀྲི་པུའུ་ཏང་ཡོན་གྱིས་སེམས་གཏམ་གློད་པ། ཏང་ཡོན་སྟོང་ཕྲག་གར་སྟེགས་སུ་བུད་ནས་གཏམ་བཤད་པ་དང་ཏང་གི་སློབ་ཁྲིད་མང་པོ་གཞི་རིམ་ལ་རྐང་འཛུགས་པ། རྩ་འཛུགས་རུ་དཔུང་གཞི་རིམ་དུ་སོང་ནས་རྩ་འཛུགས་ཀྱི་འཚོ་བ་རོལ་བ་བཅས་བྱ་འགུལ་དྲུག་སྤེལ་ཏེ། མུ་མཐུད་དུ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ཡོན་གྱིས་གཞི་རིམ་ཏང་ཨུའི་གྲོས་ཚོགས་ལ་ཟུར་ཉན་བྱེད་པ་དང་། ཏང་ཀྲི་པུའུ་ཡི་ཏང་ནང་གི་གནས་ཚུལ་ཡར་ཞུ་བྱེད་པ། ཏང་ཡོན་མང་ཚོགས་ལ་ངེས་གཏན་གྱི་དུས་ཚོད་ནང་དཔྱད་བསྡུར་བྱེད་པ། ཏང་ཀྲི་པུའུ་ཡི་བསམ་ཚུལ་གཅིག་བསྡུས་བྱེད་པ། ཏང་ཀྲི་པུའུ་ཡི་ཏང་ནང་གི་གནས་ཚུལ་ཚུར་སྣང་བྱེད་པ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ལ། ཟླ་རེར་འཐེན་ཞིབ་དང་། དུས་ཚིགས་རེར་ལྟ་སྐུལ། ལོ་རེར་དཔྱད་བསྡུར་བཅས་བྱས་ནས། གཞི་རིམ་ཏང་འཛུགས་བྱ་བ་ལེགས་པོར་སྒྲུབ་སྟེ། མགོ་ལོག་རྣམ་པ་ཅན་གྱི་ཏང་འཛུགས་མཚན་སྙན་བསྐྲུན་པར་འབད་བརྩོན་བྱས།