གཞི་རིམ་དབུལ་ཐར་མཁྲེགས་གཏོར་ལ་རིམ་པ་ཆད་པའི་སྣང་ཚུལ་མི་འབྱུང་བར་འགན་སྲུང་བྱེད་པ་དང་། དབུལ་སྐྱོར་བྱ་བའི་རྒྱུན་མཐུད་རང་བཞིན་དང་ལས་ཆོད་མཐོ་བ་རྒྱུན་བསྲིང་བྱེད་ཆེད། ཟླ་གསུམ་པའི་ཟླ་སྨད་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་གཉིས་ཀྱིས་མཉམ་དུ་སྣེ་ཁྲིད་དེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་སྤེལ། གསོ་སྦྱོང་ཁྲོད་གཙོ་བོར་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་། སྲིད་འཛིན་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་བཅས་ཀྱི་སྐབས་བརྗེ་ལ་ཁ་གཏད་ནས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པའི་བརྗེ་རེས་ལེགས་སྒྲིག་བྱས་པ་དང་། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་ཚད་གཞི་ལ་དམིགས་ནས། དབུལ་སྐྱོར་གྱི་གཞི་རྩའི་སྲིད་ཇུས་གསལ་བོར་བསྒྲགས།
ཐེངས་འདིའི་གསོ་སྦྱོང་གི་འགོ་ཁྲིད་ཚན་ཆུང་གིས་འཆད་ཁྲིད་ཚོགས་པ་བརྒྱད་ཀྱི་དགེ་རྒན་དང་ཕུལ་བྱུང་ཧྲུའུ་ཅི་དང་པོ་གོ་དྲུག་རྩ་འཛུགས་བྱས་ཏེ། གཞི་རིམ་ལས་བྱེད་པས་ངེས་པར་དུ་ཁོང་དུ་ཆུད་པར་བྱེད་དགོས་པའི་དབུལ་སྐྱོར་སྲིད་ཇུས་ལས་སྒོའི་ཤེས་བྱ་ལ་དམིགས་ནས་གཅིག་བསྡུས་ཀྱིས་གསོ་སྦྱོང་སྤེལ་ཞིང་། གསོ་སྦྱོང་གི་ནང་དོན་ལ་སློབ་གསོ་དབུལ་སྐྱོར་དང་མ་མཐའི་འཚོ་བའི་འགན་སྲུང་། སྨན་བཅོས་ཉེན་ཚབ། སྨན་བཅོས་རོགས་སྐྱོབ། བདེ་ཐང་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། ན་གཞོན་ལས་སྐྲུན། དབུལ་སྐྱོར་མ་དངུལ་དོ་དམ། དབུལ་སྐྱོར་ལས་གཞིའི་མཛོད་འཛུགས་སྐྲུན། ཞིང་ཆེན་བར་དུ་ཕན་ཚུན་དཔྱད་ཞིབ་བྱེད་པ། དབུལ་ཕོངས་རྫོང་གི་ཁོངས་ནས་ཕྱིར་འབུད་པ། དབུལ་ཕོངས་ཁྱིམ་ཚང་གདམ་གསེས་དང་དབུལ་ཐར་བྱེད་པའི་སྲིད་ཇུས། དབུལ་སྐྱོར་ཡིག་ཚགས་དོ་དམ་སོགས་གཞི་རྩའི་སྲིད་ཇུས་དང་གཞི་རྩའི་ནང་དོན། དངོས་འབེབས་བྱེད་ཐབས་བཅས་འདུ།
དེ་ལས་གཞན། ཐེངས་འདིའི་གསོ་སྦྱོང་ཁྲོད་ཕུལ་བྱུང་ཧྲུའུ་ཅི་དང་པོ་བཅུ་དྲུག་བདམས་ནས་སྡེ་སྡོད་བྱ་བ་སྤེལ་བའི་བྱེད་ཐབས་དང་ཉམས་མྱོང་ཐད་ནས་བརྗེ་རེས་བྱེད་དུ་བཅུག་པ་དང་། གཙོ་བོར་སྡེ་སྡོད་བྱ་བའི་རུ་ཁག་གིས་དབུལ་སྐྱོར་གསར་སྤེལ་བྱེད་པའི་ཐད་ཀྱི་ཉེར་སྤྱོད་སྲིད་ཇུས་དང་བྱ་བའི་རྩལ་ནུས་ལ་ཤུགས་སྣོན་བྱེད་པའི་ཐད་ནས་གསོ་སྦྱོང་བྱས་ལ། གཅིག་བསྡུས་གསོ་སྦྱོང་དང་མྱོང་ཚོར་བརྗེ་རེས་བྱས་པ་བརྒྱུད་ནས་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པའི་དབུལ་སྐྱོར་སྲིད་ཇུས་ཆུ་ཚད་དང་དབུལ་སྐྱོར་དངོས་འཐབ་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་།