ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ནས་བཞི་བའི་ཚེས་བདུན་ཉིན་བར། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། ཞིང་ཆེན་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་བཅས་ཀྱིས་འགན་ཁུར་ནས་བསྒྲུབས་པའི་རིག་གནས་དང་གནས་སྐོར་པུའུ་དང་སློབ་གསོ་པུའུ་གཉིས་ཀྱི་ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཟབ་སྦྱོང་དང་གསོ་སྦྱོང་འཆར་གཞིའི་མཚོ་སྔོན་གྱི་གྲུབ་འབྲས་འགྲེམ་སྟོན་དེ་མཚོ་སྔོན་མཛེས་རྩལ་ཁང་ནས་སྤེལ།
2015ལོར། ཀྲུང་གོའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཟབ་སྦྱོང་དང་གསོ་སྦྱོང་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་ལ། ལོ་དེའི་ཟླ་བདུན་པར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཀྲུང་གོའི་གཟུགས་འདས་རིག་གནས་ཐང་ཀའི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། དེར་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་ཟབ་སྦྱོང་དང་གསོ་སྦྱོང་བྱ་བ་དངོས་སུ་སྤེལ་འགོ་བརྩམས། ཐེངས་འདིའི་འགྲེམ་སྟོན་སྤེལ་བའི་དམིགས་འབེན་ནི་མཚོ་སྔོན་ཞིང་ཆེན་གྱི་ཉེ་བའི་ལོ་གསུམ་རིང་གི་རྒྱུན་འཛིན་པ་ཚོའི་གསོ་སྦྱོང་བྱ་བའི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་། མཐོ་རིམ་སློབ་གྲྭ་དང་རྒྱུན་འཛིན་པ་ཚོས་ཕན་ཚུན་བརྗེ་རེས་དང་སློབ་སྦྱོང་བྱེད་པའི་སྟེགས་བུ་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པ་དང་རྒྱུན་འཛིན་བྱེད་པའི་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་དེ་རེད།
ཐེངས་འདིའི་འགྲེམ་སྟོན་གྱིས་སོ་སྲུང་དང་རྒྱུན་འཛིན། འཕེལ་རྒྱས་བརྗོད་སྙིང་དུ་བྱས་ཡོད་པ་དང་། ཡི་གེ་དང་པར་རིས། དངོས་རྫས། སྒྱུ་རྩལ་པས་ཡུལ་དངོས་ནས་ལག་རྩལ་འགྲེམ་སྟོན་བྱེད་པ་དང་། ཕན་ཚུན་བརྗེ་རེས་དང་ཉམས་སུ་མྱོང་བ་སོགས་ཕྱོགས་བསྡུས་འགྲེམ་སྟོན་བྱེད་ཐབས་སྤྱད་དེ། གཅིག་བསྡུས་སྒོས་ལོ་གསུམ་རིང་གི་ཐེངས་ཉེར་གསུམ་གྱི་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་སྟོང་གཅིག་ཉིས་བརྒྱ་དང་བཅུ་ཡི་སློབ་སྦྱོང་གི་གྲུབ་འབྲས་དང་མཐོ་རིམ་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་འགྲེམ་སྟོན་བྱས། འགྲེམ་སྟོན་དེ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། ཞིང་ཆེན་ཕྱིའི་སློབ་ཆེན་གྱི་ཟབ་སྦྱོང་དང་གསོ་སྦྱོང་བཅས་འགྲེམ་ཁུལ་གསུམ་དུ་བགོས་ཡོད་ལ། བསྡོམས་པས་རེབ་གོང་སྒྱུ་རྩལ་དང་ཟངས་དངུལ་གྱི་བཟོས་པའི་དངོས་རྫས། གསེར་བྱུགས་བཟོ་རྩལ། རྩེ་ཁོག་གི་རྡོ་བརྐོས། ཀོས་ནན་བོད་ཀྱི་གཙག་དྲུབས་སོགས་དང་། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་ལག་བཟོ་སྒྱུ་རྩལ་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་བཅས་བརྩམས་ཆོས་ཉིས་བརྒྱ་ལྷག་འགྲེམ་སྟོན་བྱས།