2018ལོའི་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལྗང་སྒྱུར་ཁུལ་གྱི་ལྗང་སྒྱུར་ནགས་སྐྲུན་དང་དོ་སྲུང་བྱ་བའི་དམིགས་འབེན་ལས་འགན་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱི་ལྷོ་བྱང་རིའི་ལྗང་སྒྱུར་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་བྱ་བའི་རེ་བ་ལྟར། སྔ་མོ་ནས་འགུལ་སྐྱོད་བྱས་པ་དང་། སེམས་ཞིབ་མོས་རྩ་འཛུགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་འདེབས་འཛུགས་ཁ་གསབ་ཀྱི་ནགས་སྐྲུན་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།
མིག་སྔའི་ལྗང་སྒྱུར་ཆེད་ལས་ལག་རྩལ་མི་སྣའི་ཟླ་ཕོགས་མཐོ་བ་དང་མི་བསྡུ་དཀའ་བ་སོགས་ཀྱི་ད་ལྟའི་གནས་བབ་ལ་ཁ་གཏད་དེ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་བཀོད་སྒྲིག་བྱས་པ་དང་། ཧུར་ཐག་གིས་མ་དངུལ་གྲབས་གསོག་བྱས་ཏེ། ཡུན་རིང་གི་དོ་སྲུང་ལག་རྩལ་མི་སྣ་ཉེར་གཉིས་དང་། དུས་ཚིགས་རང་བཞིན་གྱི་ལས་བཟོ་བ་བཞི་བཅུ་བསྡུ་ལེན་བྱས་ནས། དཔྱིད་དུས་ཀྱི་ནགས་སྐྲུན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པའི་ཐད་གྲ་སྒྲིག་བཟང་བོ་བྱས། ལྗང་སྒྱུར་ཁུལ་གྱིས་ལྗང་སྒྱུར་དམིགས་འབེན་ལས་འགན་དང་ཚད་གཞི་གཞིར་བཟུང་ནས། ན་ནིང་སྟོན་དུས་ཀྱི་ས་ངོས་ཧྲིལ་བོར་སྡོང་པོ་འཛུགས་སའི་དོང་བརྐོ་བའི་རྨང་གཞིའི་སྟེང་། མི་ཤུགས་ལ་བརྟེན་ནས་སྡོང་འཛུགས་ས་དོང་བརྐོ་བ་དང་འཕྲུལ་ཆས་ཀྱིས་སྡོང་འཛུགས་ས་དོང་འདྲུ་བ་གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། ལོ་ཧྲིལ་བོའི་འཆར་གཞི་ལྟར་ས་དོང་ཁྲི་གཅིག་བརྐོས་ཏེ། དཔྱིད་དུས་ཀྱི་ནགས་སྐྲུན་བྱ་བ་དུས་ལྟར་སྤེལ་བའི་ཐད་རྨང་གཞི་བརྟན་པོ་བཏིངས།
མིག་སྔར། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་དཔྱིད་དུས་ཀྱི་ནགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་དང་། སྔོན་རྩིས་ལྟར་ན། ད་ལོར་རིགས་སྣ་མི་འདྲ་བའི་སྡོང་ཕྲུག་ཁྲི་བདུན་དང་སྟོང་ལྔ་འཛུགས་རྒྱུའི་འཆར་གཞི་ཡོད།