མཚོ་སྔོན་ལ་ཟེ་བའི་ཞིང་སར་ཆུ་འདྲེན་པའི་བཟོ་སྐྲུན་ལས་གཞི་གནད་འགག་གི་དུས་རིམ་དུ་སླེབས།
2018.04.11 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 8

ཡོངས་ཁུངས་མཚོ་སྔོན་གསར་འགྱུར་དྲ་བ། ལ་ཟེ་བའི་ཞིང་སར་ཆུ་སྦུག་འདྲེན་པའི་བཟོ་སྐྲུན་ལས་གཞི་འདི་ནི་མ་དངུལ་སྒོར་དུང་ཕྱུར14དང་བྱེ་བ3ས་ཡ9ལྷག་བཏང་སྟེ། ལོ་ལྔའི་ནང་ལས་གཞི་ཡོངས་འགྲུབ་བྱེད་པའི་དམངས་ཚིས་རང་བཞིན་གྱི་ཆུ་བེད་ལས་གཞི་ཞིག་ཡིན་ཞིང་། ལས་གཞིའི་མིག་སྔར་གྱི་ཇུས་འགོད་དང་འཛུགས་སྐྲུན་གྱི་ངོས་ནས་བལྟས་ན། ལས་གཞི་འདིའི་དུས་རིམ་སོ་སོ་གལ་འགངས་ཧ་ཅང་ཆེ་བ་དང་། ད་ལོ་ནི་ལས་གཞི་འདི་འཛུགས་སྐྲུན་བྱས་པའི་ཚུན་གྱི་ལོ་བཞི་བ་དེ་ཡིན་ལ། ལས་གཞིའི་གོ་རིམ་ཆ་ཚང་ལ་མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་འཛུགས་སྐྲུན་པས་ཐུགས་ཁུར་གནང་གིན་ཡོད་པ་མ་ཟད། ས་ཁུལ་དེའི་སྲིད་འཛིན་སྡེ་བ87གྱི་མང་ཚོགས་འབུམ་བརྒྱད་ལྷག་གི་འཚོ་བ་དང་དམ་དུ་འབྲེལ་ཡོད་པ་རེད།

image001.jpg

ཟླ4པའི་ཚེས9ཉིན། གསར་འགོད་པ་དག་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྗོང་དུ་ཐོན་ནས་ལ་ཟེ་བའི་ཆུ་འདྲེན་ལས་གཞི་བཟོ་སྐྲུན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་ལ་ཉེ་བའི་གནས་ཚུལ་ལ་རྒྱུས་ལོན་ལེགས་པོ་བྱས། ལ་ཟེ་བའི་ཞིང་སར་ཆུ་འདྲེན་པའི་བཟོ་སྐྲུན་ལས་གཞི་འདི་ནི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་བེད་ཕྱོགས་བསྡུས་གསར་སྤེལ་དང་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ས་མུའུ་ས་ཡ་འགའ་གསར་སྤེལ་བཅོས་སྐྱོང་བྱེད་པའི་དམངས་ཚིས་རང་བཞིན་གྱི་ཆུ་བེད་བཟོ་སྐྲུན་གཙོ་བོ་ཞིག་ཡིན་ཞིང་། ལས་གཞིའི་ཡུར་བ་ཧྲིལ་བོའི་རིང་ཚད་ལ་སྤྱི་ལེ52.3ཡོད་པ་དང་། ཡུར་བ་དང་སྦུག་ལམ་སོགས་དུམ་མཚམས་སྣ་ཚོགས་ཀྱིས་གྲུབ་པ་ཞིག་ཡིན།

image002.jpg

ལས་གཞི་ཇུས་འགོད་བྱས་པ་ལྟར་ན། ལས་གཞི་འདིའི་ཟམ་པའི་རྣམ་པ་ཅན་གྱི་ཡུར་བ་ཨང་བཞི་བ་ནི་ལ་ཟེ་བའི་ཞིང་སར་ཆུ་འདྲེན་པའི་ལས་གཞི་ཧྲིལ་བོ་ལས་ཟམ་པའི་རྣམ་པ་ཅན་གྱི་ཡུར་བ་ཆེས་རིང་ཤོས་དེ་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ2.7ཉེ་བ་ཙམ་ཡོད། ཡུལ་དངོས་འགན་ཁུར་མི་སྣ་ལིས་ཅན་མིན་གྱིས་བཤད་རྒྱུར། ཟམ་པའི་རྣམ་པ་ཅན་གྱི་ཡུར་བའི་སྟེང་ཕྱོགས་ནི་མི་བགྲོད་ཟམ་པ་ཡིན་ལ། དེར་རྣོ་ལྕགས་ལས་བཟོས་པའི་ཉེན་འགོག་ར་བ་ཡོད་པ་དང་། སྨི40ཅན་གྱི་མཁའ་བརྒལ་སྒྲོམ་གདུང་ལས་སྐྲུན་བྱེད་པ་ནི་ལས་སླ་མོ་ཞིག་མིན་པས། སྔོན་ལ་ངེས་པར་དུ་དཔྱང་འདེགས་བྱེད་ཐབས་ལག་ཏུ་བསྟར་དགོས་པ་རེད། ལས་གཞི་ཡོངས་འགྲུབ་བྱས་རྗེས། ས་བརྐོ་རྡོ་སློག་བྱས་ཡོད་པ་ཐམས་ཅད་ཁ་གསབ་ནས་སྔར་ཡོད་ཀྱི་རྣམ་པར་བསྒྱུར་རྒྱུ་ཡིན་ཟེར།

image003.jpg

ད་ལོ་སྟེ། 2018ལོའི་ཟླ་གསུམ་པའི་ཟླ་མཇུག་བར་དུ་བཟོ་སྐྲུན་ལས་གཞིའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར10དང་བྱེ་བ8ས་ཡ5ལྷག་བཏང་ལ། དེའི་ཁྲོད་དུ་ཀྲུང་དབྱང་གིས་སྔོན་རྩིས་བྱས་པ་ལས་སྒོར་ཁྲི74400དང་། ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི33651འདུས་པ་ཡིན། ཡོངས་འགྲུབ་བྱས་ཟིན་པའི་བཟོ་སྐྲུན་ལས་གཞིའི་ཐད་མ་དངུལ་སྒོར་ཁྲི104758ལྷག་བཏང་བ་དང་། སྤྱིའི་བཟོ་སྐྲུན་ལས་གཞི་ལས་བརྒྱ་ཆའི་བརྒྱད་ཅུ་ཡོངས་འགྲུབ་བྱས་ཟིན།

image004.jpg


ད་ལྟའི་དུས་སུ་ཟམ་པའི་རྣམ་པ་ཅན་གྱི་ཡུར་བ་ཨང་བཞི་བའི་འགྲམ་གཉིས་སུ་དགུན་གྲོ་སྐྱེས་བཞིན་པའི་སྒང་ཡིན་ལ། སྐྱེ་སྟོབས་ལྡན་པའི་ལྗང་མྱུག་དག་ཉི་འོད་ཀྱི་དྲོད་འཇམ་འོག་ན་སྔོ་ལམ་མེར་གནས་པས། བཟོ་སྐྲུན་ལས་གཞི་ཡོངས་འགྲུབ་བྱས་རྗེས་སྔོ་ཞིང་དྭངས་པའི་རྨ་ཆུའི་འགྲམ་ངོགས་གཉིས་སུ་ཡོད་པའི་ས་ཞིང་མུའུ་ཁྲི20.02ནི་ལྗང་མདོག་ཡུལ་གྲུ་ཞིག་ཏུ་འགྱུར་ངེས་ལ། གནས་འདི་གའི་མང་ཚོགས་རྣམས་ལའང་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་སྐྱེལ་ཡོང་ངེས་རེད།