བསིལ་འཇམ་གྱི་རླུང་བུ་དལ་གྱིས་ལྡང་ཞིང་། ཟླ་བཞི་བའི་ལྗང་མདོག་གི་དུས་ཚིགས་ཀློང་ནས་རང་བྱུང་སྐྱེ་དངོས་མཐའ་དག་ལ་གསོན་ཤུགས་ཀྱི་དཔལ་འབར་ཞིང་། ཁྲི་ཀ་རྫོང་གི་ག་ས་ཀུན་དུ་སིལ་སྡོང་མེ་ཏོག་གི་དྲི་ཞིམ་འཐུལ་ཞིང་རྨ་ཀླུང་དལ་འབབ་རིང་མོས་ཆུ་རྒྱུན་གྱི་བརྩེ་བས་ཕྱོགས་བཞིའི་མགྲོན་པོ་ནང་དུ་འགུག་བཞིན། གནས་འདིའི་ངོ་མཚར་བའི་རང་བྱུང་གི་མཛེས་ལྗོངས་དང་། མཚར་སྡུག་ལྡན་པའི་གནའ་བོའི་ཤེས་རིག་གི་རྗེས་ཤུལ། ཁྱད་མཚར་ཡིད་དབང་འཕྲོག་པའི་ངག་རྒྱུན་དང་གཏམ་རྒྱུད་སོགས་ཀྱིས་ཐག་ཉེ་རིང་གི་སྐྱེ་འགྲོ་ཕོ་མོ་ཀུན་གྱི་ཡིད་སེམས་ཅིག་ཅར་དུ་འཕྲོག་པས། རྨ་ཡུལ་ཁྲི་ཀ་ནི་མཐོ་སྒང་གི་གནས་མཆོག་ལྟར་བསྔགས་པའི་སེམས་ཀྱི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན།
ཐེངས་འདིའི་མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།
གསར་འགོད་པས་ཟླ4བའི་ཚེས3ཉིན་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་ཐོག་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་རིམ་པའི་ལྗོངས་རྒྱུའི་ཁྱབ་ཁོངས་སུ་དཔེ་མཚོན་ས་ཁུལ་གསར་སྤེལ་གྱི་གོམ་འགྲོས་ཤུགས་ཆེན་པོར་སྤེལ་བཞིན་ཡོད་ལ་དེར་བསྟུན་ནས་རིག་གནས་དང་ཡུལ་སྐོར་གཅིག་ཏུ་འདྲེས་པའི་གོམ་ཁ་གསར་བ་ཞིག་ལ་སྙེག་པར་སྔར་ལས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས“གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས”ཞེས་པའི་མིང་གི་སྐད་གྲགས་དང་ཁྲི་ཀ་རྫོང་གི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་མཐོར་འདེགས་བྱ་ཆེད། ཀྲུང་གུང་ཁྲི་ཀ་རྫོང་ཏང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཁྲི་ཀ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་འགན་སྒྲུབ་གནང་བའི་གཙང་གསུམ་སྤང་ལྗོངས་ཕྱུགས་བུམ་རྟགས་མ“2018ལོའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པ”དེ་ཟླ4པའི་ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ཆུའི་ཆུ་འཁོར་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་དང་ཕྱོགས་ཡོངས་ཀྱི་སྐུ་མགྲོན་། ས་གནས་ཀྱི་མང་ཚོགས། དེ་མིན་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་རྣམས་ཀྱིས་འགོ་རྩོམ་མཛད་སྒོའི་འཁྲབ་སྟོན་ལ་མིག་ཟུང་གཡར་ཏེ་དཀྱུས་གཅིག་ཏུ་མྱོང་རོལ་ཡིད་ཚིམ་པར་བྱས།
མཚོ་སྔོན་གཙང་གསུམ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ལི་ཞང་དབྱང་གིས་ཤིས་ཚིག་འབུལ་བཞིན་པ།
ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གནམ་ལྷ་ཡིས་འགོ་རྩོམ་མཛད་སྒོ་ཁྱབ་སྒྲོག་བྱེད་བཞིན་པ།
མདོ་འཛིན་པ་གཉིས་ཀྱིས་མཛད་སྒོར་མདོ་འཛིན་བྱེད་བཞིན་པ།
ཉེ་བའི་ལོ་འདི་འགའི་རིང་ལ། ཁྲི་ཀ་རྫོང་གིས་སིལ་སྡོང་མེ་ཏོག་འདི་ཉིད་རྐྱེན་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་དང་། མི་རིགས་རིག་གནས་སོགས་གཙོར་བཟུང་སྟེ་དྲིལ་སྒྲོག་རྒྱ་ཆེར་སྤེལ་ཞིང་། ཡུལ་སྐོར་ཐོན་ལས་དེ་དམངས་སྟོབས་ལྡན་དུ་བསྒྱུར་བའི་བཟོ་སྐྲུན་འཐབ་ཇུས་ཀྱི་སྤུས་ཚད་མཐོར་འདེགས་དང་། དམངས་སྲོལ་རིག་གནས་ཡུལ་སྐོར་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་ཆ་སྡེབས་ཞབས་ཞུ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། དུས་ཆེན་སྐབས་ཀྱི་འགྲན་བསྡུར་བྱ་འགུལ་འཆར་འགོད་བྱེད་པ། ལྗོངས་རྒྱུ་ཁུལ་གྱི་མཛེས་ལྗོངས་ཡུལ་སྐོར་ལམ་ཐིག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། ཞིང་ཆེན་རིམ་པའི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་ཅི་ཐུབ་བྱེད་བཞིན་ཡོད།
གླུ་མ་དབྱངས་ཅན་ལྷ་མཛེས་ཀྱིས༼ཁྲི་ཀ༽ཞེས་པའི་བརྗོད་དོན་གླུ་དབྱངས་ལེན་བཞིན་པ།
མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་འཆམ་མཐུན་གླུ་ཡིས་བསྟོད།
སིལ་སྡོང་མེ་ཏོག་ཁྲི་ཀའི་ཡུལ་ན་བཞད།། བོད་པའི་རྒྱན་ཆ་བོད་མིའི་ལུས་ན་མཛེས།།
གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་ན་དྭངས། དབྱངས་ཀྱི་ངེས་བདུན་ས་འདིའི་རྒྱན་དུ་གྱུར།
རྒྱ་རིགས་གླུ་མ་ཧྥུའུ་མོའུ་ཡིས་སྙན་གཞས་ངག་ལ་འགུག་བཞིན་པ།
མ་འོངས་པར་ཁྲི་ཀ་རྫོང་གིས་མགྱོགས་མྱུར་སྒོས་ཡུལ་སྐོར་ལྗོངས་རྒྱུ་འདི་ཉིད་གཙོར་བཟུང་སྟེ་རྫོང་གི་ཕྱོགས་བསྡུས་སྣ་མང་འཛུགས་སྐྲུན་སྟོབས་འབྱོར་ཅན་དུ་བསྒྱུར་བ་དང་། དམངས་རྣམས་བདེ་ཞིང་སྐྱིད་པ། ཁོར་ཡུག་ལྟ་ན་སྡུག་པ། སྤྱི་ཚོགས་དཔལ་ཡོན་ཅན་དུ་བསྒྱུར་ཏེ་མདོ་དབུས་མཐོ་སྒང་གི་དཔེ་སྟོན་རྫོང་གི་མཚན་ཉིད་ལ་བརྩོན་ལེན་བྱས་ཏེ་དམངས་ཀྱི་འདོད་བློ་སྐོང་ཐུབ་པའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་འདི་ཉིད་མུ་ནས་མུ་རུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུའི་ཕྱོགས་ལ་བརྩོན་ལེན་དང་རེ་བའི་ཁྲོད་ནས་ཐེངས་འདིའི་ཁྲི་ཀ་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དབུ་འབྱེད་མཛད་སྒོ་བདེ་བླག་ངང་མཇུག་བསྡུས།
སྟག་ཤར་གཞོན་པའི་ལང་ཚོ། རྨ་ཡུལ་ཁྲི་ཀར་ཕུལ་ཡོད།
ལྟད་མོ་བའི་ཚོགས།
2018ལོའི་མཚོ་སྔོན་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པའི་འགོ་རྩོམ་མཛད་སྒོ་བདེ་བླག་ངང་མཇུག་བསྡུས།
གསར་འགོད་པ། དབང་རྒྱལ་ཚེ་རིང་། པདྨ་མཚོ།