མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་གྱི་ལོ་གཅིག་གི་ཐོན་རིན་སྒོར་དུང་ཕྱུར་ཉེར་ལྔ་ལ་སླེབས།
2018.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བཞི་པའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ན་ནིང་གི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བོད་སྨན་ཐོན་སྐྱེད་ཀྱི་ཁེ་ལས་བཅུ་དགུ་བྱུང་བ་དང་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་བོད་སྨན་སྡེབ་མའི་འཐུས་མཆན་ཡིག་རྟགས་ཉིས་བརྒྱ་དང་བཅུ་ཡོད་དང་ཐོན་རྫས་སྣ་ཁ་བརྒྱད་དང་དོན་དྲུག་ཡོད། “ཨ་རུ”དང“ཤེལ་གོང” “འཇིགས་མེད”སོགས་ཚོང་རྟགས་གྲགས་ཅན་རིམ་གྱིས་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་བཟོ་ལས་ཀྱི་སྤྱིའི་ཐོན་རིན་སྒོར་དུང་ཕྱུར་ཉེར་ལྔར་སླེབས་ནས། རྒྱལ་ཡོངས་ཀྱི་བོད་སྨན་སྤྱིའི་ཐོན་ཚད་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་དུ། མཚོ་སྔོན་གྱི་བོད་སྨན་ཐོན་ལས་རྣམ་གྲངས་བཅུ་དགུ་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་གཉེར་རྣམ་གྲངས་དང་བཟོ་ལས་ཆེན་པོའི་ལག་རྩལ་གོང་སྤེལ་སོགས་ཀྱི་རྣམ་གྲངས་གསབ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་ལྔ་ཐོབ་པ་དང་། ཁེ་ལས་དེང་རབས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཞིང་བོད་སྨན་གྱི་སྨན་ལུམས་དང་ཁྲག་གཏར་གསོ་བཅོས། སྨན་འདུལ་བཟོ་རྩལ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་ཚུད་ཡོད། སྔ་གཞུག་ཏུ་དབྱི་མོང་དྲུག་པའི་སྦྱིན་ཐུམ་དང་སྣ་འདུས་རིལ་བུ། བྱིས་པའི་གློ་ཆམ་ཀུན་སེལ། བསམ་འཕེལ་ནོར་བུ་སོགས་སྨན་རྫས་རྐྱང་བ་ཕྱིར་འཚོང་བྱེད་ཚད་དུང་ཕྱུར་ལས་བརྒལ་ཡོད་པའི་ཐོན་རྫས་བསྐྲུན།

དེ་དང་ཆབས་ཅིག་མཚོ་སྔོན་གྱིས་བོད་སྨན་གྱི་གསོ་བཅོས་དང་ལུས་ཟུངས་ཁམས་གསོ། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཕྱི་འབྲེལ་སོགས་གཞི་གཅིག་ཏུ་འབྲེལ་བའི་འཕེལ་རྒྱས་རྣམ་པའི་ཐུན་མིན་རང་བཞིན་གསར་གཏོད་བྱས་ཏེ། བོད་སྨན་ཐོན་ཁུངས་ཀྱི་ནུས་པ་ཕྱོགས་བསྡུས་ལེགས་བསྒྱུར་བྱས་པ་དང་། བོད་སྨན་ལས་དོན་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་སྐུལ་འདེད་བཏང་ནས། བོད་སྨན་གྱི་ཐོན་ལས་ཞིང་ཆེན་ཡོངས་ཀྱི་ཁྱད་ཆོས་ལྡན་ཞིང་གནས་བབ་ལེགས་པའི་ཐོན་ལས་སུ་འཕེལ་རྒྱས་བྱུང་།

དེ་ལས་གཞན། བོད་སྨན་ཁེ་ལས་གཙོ་བོས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དང་མཚོ་སྔོན་སློབ་ཆེན་གྱི་གསོ་རིག་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་གླིང་དང་མཐོ་སློབ་དེ་རྒྱབ་རྟེན་བྱེད་ཡུལ་དུ་བྱས་ཤིང་སྔ་ཕྱིར་བོད་སྨན་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ཏེ། རིན་ཆེན་བསམ་འཕེལ་དང་ཁྲག་སྨན་བདེ་སྟེར་སོགས་ཐོན་རྫས་གསར་བ་བཅུ་ལྷག་དང་རྒྱལ་ཁབ་ཀྱི་གཙོ་གནད་ཐོན་རྫས་རིགས་ལྔ་ཞིབ་འཇུག་གསར་སྤེལ་བྱས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས་དོན་གཅིག་འགན་ལེན་ཡོངས་འགྲུབ་དང་བོད་སྨན་ཀྱི་ཁྱད་ཆོས་ལྡན་པའི་ནད་བརྟག་སྨན་བཅོས་ལག་རྩལ་བཞི་བཅུ་ལྷག་དག་སྒྲིག་རྒྱ་ཁྱབ་ཏུ་སྤེལ། གཞན་ཞིབ་འཇུག་གསར་སྤེལ་གྱི་རང་བདག་ཤེས་བྱའི་ཐོན་དབང་ལྡན་པའི་བོད་སྨན་གསར་བ་ཉེར་ལྔ་དང་། ལས་སྣོན་བྱས་པའི་སྨན་རྫས་རྣརིགས་སོ་བརྒྱད། བོད་སྨན་གཞི་གྲངས་མཛོད་བརྒྱད་བསྐྲུན།

དེའི་ཞོར་དུ། མཚོ་སྔོན་གྱིས་ཁྱོན་ཡོངས་ནས་ཀྲུང་བོད་རི་སྐྱེས་སྨན་རྫས་ཐོན་ཁུངས་སྲུང་སྐྱོབ་ཀྱི་ལས་གཞི་ལག་ཏུ་བསྟར་ཅིང་ཤུགས་ཆེན་པོས་ཀྲུང་བོད་རི་སྐྱེས་སྨན་རྫས་འདེབས་འཛུགས་གསོ་སྤེལ་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་དང་། ཀྲུང་བོད་སྨན་རྫས་ཀྱི་ཐོན་ཁུངས་དཀོན་པ་དང་ཉམས་ཞན་སར་སྲུང་སྐྱོབ་དང་རི་འགོའི་འདེབས་འཛུགས་ལ་ཤུགས་བསྣན་ཏེ་ཀྲུང་བོད་སྨན་རྫས་ཐོན་ཚད་ཇེ་མང་དུ་བཏང་ནས། གོ་རིམ་ལྡན་པའི་ངང་ཀྲུང་བོད་སྨན་རྫས་ཀྱི་འདེབས་འཛུགས་ཁུལ་བཙུགས་ཤིང་། ཀྲུང་བོད་སྨན་རྫས་ཀྱི་རི་སྐྱེས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་ཧུར་ཐག་སྒོས་སྲུང་སྐྱོབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་སྨན་རྫས་ཀྱི་ཐོན་ཁུངས་རྒྱུན་མཐུད་ངང་གསར་སྤེལ་བེད་སྤྱོད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོག་མར་གྲུབ་པར་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཀྲུང་བོད་སྨན་རྫས་ཀྱི་ཐོན་ཁུངས་ལ་རིགས་སྟོང་གཅིག་དང་ཉིས་བརྒྱ་གོ་བཞི་ཡོད་པ་དང་། དེའི་ཁྲོད་རྩི་ཤིང་གི་སྨན་རྫས་རིགས་སྟོང་གཅིག་དང་གྱ་བདུན་དང་སྲོག་ཆགས་ཀྱི་སྨན་རྫས་རིགས་བརྒྱ་དང་ལྔ་བཅུ། གཏེར་རྫས་ཀྱི་སྨན་རྫས་རིགས་ང་བདུན་བཅས་ཡོད།


ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཀླུ་མཁར་རྒྱལ།