མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་བཞི་བརྒྱ་དང་ཞེ་དྲུག་ཞིང་ཆེན་ཡོངས་ཀྱི་རྫོང་དང་ས་ཁུལ་བཅུ་དྲུག་ལ་ཚབ་ཁྲིད་བྱེད་པར་སོང་།
2018.04.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་སྔོན་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་དགེ་འོས་སློབ་མའི་ཚབ་ཁྲིད་དངོས་སྦྱོང་བྱ་བའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་དངཉིས་སྟོང་བཅོ་བརྒྱད་ལོའི་དགེ་འོས་སློབ་མའི་ཚབ་ཁྲིད་དངོས་སྦྱོང་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས། ཉིས་སྟོང་བཅུ་བདུན་ལོ་དང་ཉིས་སྟོང་བཅོ་བརྒྱད་ལོའི་ཚབ་ཁྲིད་དངོས་སྦྱོང་གི་དགེ་སློབ་ལྔ་བརྒྱ་ལྷག་ཚོགས་འདུ་ལ་ཞུགས།

ཚོགས་འདུ་ལས་ཉིས་སྟོང་བཅུ་བདུན་ལོའི་དགེ་འོས་སློབ་མའི་ཚབ་ཁྲིད་དངོས་སྦྱོང་གི་བྱ་བར་སྤྱི་སྡོམ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་དགེ་འོས་སློབ་མའི་ཚབ་ཁྲིད་དངོས་སྦྱོང་གི་བྱ་བར་བླང་བྱ་ནན་མོ་བཏོན་པར་མ་ཟད། ཉིས་སྟོང་བཅུ་བདུན་ལོའི་དགེ་འོས་སློབ་མའི་དངོས་སྦྱོང་བྱ་བའི་ཁྲོད་གྲུབ་འབྲས་འབུར་དུ་ཐོན་པའི་བོད་རིག་པའི་སློབ་གླིང་གི་སློབ་མ་མགོན་པོ་རྒྱལ་སོགས་ཕུལ་བྱུང་དངོས་སྦྱོང་སློབ་མ་བཅུ་དྲུག་དང་། ཀྲང་ཅན་ཞི་སོགས་ཕུལ་བྱུང་མཛུབ་སྟོན་དགེ་རྒན་དྲུག དབྱིང་ཧུའུ་ཏི་སོགས་སྔོན་ཐོན་མི་སྣ་གསུམ་བཅས་ལ་གཟེངས་བསྟོད་བྱས། དེའི་ཞོར་དུ་ཉིས་སྟོང་བཅུ་བདུན་ལོའི་དགེ་འོས་སློབ་མའི་སློབ་ཁྲིད་འཇོན་ནུས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་ཕུལ་བྱུང་གི་མི་སྣ་རེ་གསུམ་དང་། སྔོན་ཐོན་སྡེ་ཁག་གཉིས་ལ་གཟེངས་བསྟོད་བྱས།

ཚོགས་འདུ་ལས་དགེ་སློབ་ཡོངས་ཀྱིས་གཟབ་ནན་ངང«ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་བའི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་གྱི་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར»གྱི་དགོངས་དོན་ལག་བསྟར་དངོས་འབེབས་ནན་མོ་དང་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། དགེ་སློབ་ཀྱི་གསོ་སྦྱོང་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ། “དཀའ་བ་ལྷག་ཏུ་སྤྱོད་ཐུབ་པ་དང་། འཐབ་འཛིང་ལྷག་ཏུ་བྱེད་ཐུབ་པ། བཟོད་བསྲན་ལྷག་ཏུ་བྱེད་ཐུབ་པ། མཐུན་སྒྲིལ་ལྷག་ཏུ་བྱེད་ཕོད་པ། ལྷག་བསམ་ལྷག་ཏུ་འབུལ་ཐུབ་པའི”མདོ་དབུས་མཐོ་སྒང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། དགེ་འོས་སློབ་མའི་ལས་ཚབ་སློབ་ཁྲིད་ཀྱི་བྱ་བར་རྩ་འཛུགས་ལེགས་པོ་བྱས་ཏེ། མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་གྱི་དཔུང་སྡེའི་འཛུགས་སྐྲུན་ལ་བྱས་རྗེས་གསར་བ་འཇོག་དགོས་པ་དང་། མཛུབ་སྟོན་དགེ་རྒན་ཡོངས་ཀྱིས་ཆེད་ལས་པ་དང་དགེ་རྒན་ཆེན་མོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་ཁྲིད་ལ་མཛུབ་སྟོན་དང་ཚོད་ཁྲིད། སློབ་ཁྲིད་ལྟ་སྦྱོང་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ། དངོས་སྦྱོང་སློབ་མ་ཡོངས་ཀྱིས་སློབ་ཁྲིད་ལག་ལེན་བརྒྱུད་ནས་རང་ཉིད་འཚར་ལོངས་འབྱུང་བ་དང་འཇོན་ནུས་ཅན་དུ་འགྱུར་བའི་གོ་རིམ་ཁྲོད་ཀྱི་གལ་ཆེ་བའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ། དགེ་སློབ་ཡོངས་ཀྱིས་གཟབ་ནན་ངང་སློབ་གྲྭ་དང་དངོས་སྦྱོང་ལས་ཁུངས་ཀྱི་སྒྲིག་ལམ་རེ་འདུན་དང་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་བྱས་ཏེ། བཀོད་སྒྲིག་དང་ལེན་བྱེད་པ་དང་དཀའ་ངལ་སེལ་བ། ཧུར་བརྩོན་གྱིས་སྦྱོང་བརྡར་བྱས་ཏེ་རང་ཉིད་ཚད་ལྡན་གྱི་མི་དམངས་དགེ་རྒན་ཞིག་ཏུ་འགྱུར་བར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ད་ལོ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་འོས་སློབ་མ་བཞི་བརྒྱ་ཞེ་དྲུག་དང་མཛུབ་སྟོན་དགེ་རྒན་བཅུ་དགུ་མགོ་ལོག་ཁུལ་དར་ལག་རྫོང་སོགས་དངོས་སྦྱོང་ས་གནས་བཅུ་དྲུག་ལ་སོང་ནས་ཟླ་ལྔའི་རིང་དངོས་སྦྱོང་བྱེད་རྒྱུ་རེད། ཟླ་གསུམ་པའི་ཚེས་བཅུ་གསུམ་གྱི་སྔ་དྲོ་ནས་བཟུང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དངོས་སྦྱོང་དགེ་སློབ་རྣམས་ས་གནས་སོ་སོར་བདེ་ལེགས་ངང་འབྱོར་ཡོད་པ་དང་། དངོས་སྦྱོང་ས་གནས་ཀྱི་སློབ་གསོའི་སྲིད་འཛིན་སྡེ་ཁག་གི་བཀོད་སྒྲིག་ལྟར་ལས་ཚབ་སློབ་ཁྲིད་ཀྱི་དངོས་སྦྱོང་བྱ་བ་བསྒྲུབས་འགོ་བརྩམས་ཡོད། 

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་རྡོ་རྗེ་སྒྲོལ་མ།