ཟླ་བཞི་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱ་སློབ་གླིང་གིས་འགན་སྒྲུབ་བྱས་པའི “ཁུ་ནུ་འཆད་ཁྲིད་ཆེན་མོ”སྐབས་གཉིས་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ།ཐེངས་འདིའི་འཆད་ཁྲིད་ལ་གདན་ཞུ་བྱས་པའི་སྐུ་མགྲོན་ནི་རྒྱལ་ཁབ་ཀྱི་ཕུལ་བྱུང་ན་གཞོན་ཚན་རིག་ཐེབས་རྩ་ཐོབ་མཁན། ན་གཞོན་འབྲི་ཆུའི་རིག་གནས་པ། པེ་ཅིན་སློབ་ཆེན་གྱི“མི་བརྒྱའི་འཆར་གཞིའི”གྲས་སུ་བདམས་མི། པེ་ཅིན་སློབ་ཆེན་དངོས་ལུགས་སློབ་གླིང་གི་གཅིག་བསྡུས་རྣམ་པའི་སྐྱེ་ཁམས་དངོས་ལུགས་རྩིས་འཁོར་ཆེད་མཁས་པ་དགེ་རྒན་ཆེན་མོ་ལི་ཞིན་ཀྲིན་ལགས་ཡིན་ལ། ཁོས་ཁ་ཡིག་ལ«འཇིག་རྟེན་གྱི་སྣང་ཚུལ་མཐའ་དག་མཐུན་ཞིང་མི་འདྲ་སྟེ། ཕུན་སུམ་ཚོགས་པའི་དངོས་ལུགས་རིག་པ»ཞེས་པའི་ཆེད་དོན་འཆད་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོང་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་ཁག་དང་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭའི་ལས་བྱེད་པ་སྐོར་ཞིག་བཅས་མི་ཉིས་བརྒྱ་དང་དགུ་བཅུ་ཙམ་གྱིས་འཆད་ཁྲིད་ལ་ཉན།
འཆད་ཁྲིད་བྱེད་སྐབས་དགེ་རྒན་ཆེན་མོ་ལིས་ཞིན་ཀྲིན་གྱིས་ཕུན་སུམ་ཚོགས་པའི་ཚན་རིག་ཞིབ་འཇུག་གི་རྒྱབ་ལྗོངས་དང་ཤེས་རྒྱ་ཆེན་པོར་བརྟེན་ནས་གཅིག་བསྡུས་རྣམ་པའི་སྐྱེ་ཁམས་དངོས་ལུགས་རིག་པའི་འབྱུང་ཁུངས་དང་རིན་ཐང་སྙིང་པོ་སོགས་ངོ་སྤྲོད་བྱས་པ་དང་། ཁོ་རང་གི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་གྱིས་གོ་སླ་བའི་སྒོ་ནས་གཅིག་བསྡུས་རྣམ་པའི་སྐྱེ་ཁམས་དངོས་ལུགས་ཀྱི་ཞིབ་འཇུག་གི་ཁྱད་ཆོས་ལ་གསལ་བྱེད་དང་མ་འོངས་པའི་ཁྱབ་ཁོངས་འདིའི་འཕེལ་རྒྱས་ཀྱི་བགྲོད་ལམ་ངོ་སྤྲོད་བྱས། འཆད་ཁྲིད་འདིར་བརྗོད་གཞི་གསར་བ་དང་ནང་དོན་ཕུན་སུམ་ཚོགས་པ། རྒྱས་བཤད་གཏིང་ཟབ་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་མཛུབ་སྟོན་རང་བཞིན་དང་དམིགས་བསལ་རང་བཞིན་ཆེན་པོ་ལྡན། ཆེད་དོན་འཆད་ཁྲིད་ལ་ཉན་རྗེས། ཚོགས་ཞུགས་མི་སྣས་གཅིག་གྱུར་གྱིས་བལྟས་ན། ཉེ་བའི་ལོ་འདི་དག་གི་རིང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གསོ་སྐྱོང་སྦྱོང་བརྡར་གྱི་དགོས་མཁོར་ཐབས་ལམ་མང་པོ་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། ཁྱབ་ཁོངས་ཡངས་པོ་ནས་གསོ་སྐྱོང་སྦྱོང་བརྡར་གྱི་ནང་དོན་བཀོད་སྒྲིག་བྱས་ཏེ། ཕྱོགས་མང་པོ་ནས་སློབ་ཁྲིད་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས། ལྷག་པར་དུཉིས་སྟོང་བཅོ་བརྒྱད་ལོར། “ཁུ་ནུ་འཆད་ཁྲིད་ཆེན་མོ”བདེ་བླག་ངང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པར་གཞུང་ལུགས་བྱང་ཚད་དང་ཆབ་སྲིད་ཀྱི་སྤུས་ཚད། ཆེད་ལས་ཀྱི་འཇོན་ནུས་བཅས་མཐོར་འདེགས་གཏོང་བའི་གོ་སྐབས་བསྐྲུན་ཡོད་པར་འདོད། ཚོགས་ཞུགས་མི་སྣས་བཤད་རྒྱུར། ཐེངས་འདིའི་སློབ་སྦྱོང་གི་ནང་དོན་དང་སྦྱར་ཏེ། བརྗེ་རེས་དང་བགྲོ་གླེང་ནན་མོ་བྱེད་རྒྱུ་ཡིན་པར་མ་ཟད། བྱ་བ་དངོས་ལ་བསྡུར་ནས་ནང་དོན་ལ་རྒྱུས་ལོན་དང་དེ་བསྡུ་ལེན་ནན་མོ་བྱས་ཏེ། བསླབ་པའི་ཤེས་བྱ་བཀོལ་སྤྱོད་བྱེད་པ་དང་། དངོས་འབེབས་དམ་འཛིན་གྱིས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་བརྒལ་གཏོར་གསར་པ་ལེན་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་སྒྲོལ་མ་འཚོ།