ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་མཚོ་སྔོན་དུ་ཁྱོན་བསྡོམས་གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་ཁེ་ལས་གཙོ་བོ་ལྔ་བརྒྱ་ང་ལྔ་ཡོད་ཅིང་། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་ཁེ་ལས་གཙོ་བོ་བཅུ་བདུན་དང་ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོ་བརྒྱ་དང་སུམ་ཅུ། གྲོང་ཁྱེར་དང་ཁུལ་རིམ་པའི་ཁེ་ལས་གཙོ་བོ་བཞི་བརྒྱ་དང་བརྒྱད་ཡོད། ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་རིམ་པ་ཡན་གྱི་ཁེ་ལས་གཙོ་བོས་ཉོ་ཚོང་ཡོང་འབབ་སྒོར་ཐེར་འབུམ་གཅིག་ལྷག་བསྐྲུན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་དགུ་དང་གྲངས་ཆུང་བཞི་ཡིས་ཇེ་མང་དུ་འཕེལ་ཡོད། ཁེ་ཕོགས་རྐྱང་བ་དང་གོང་འབུལ་ཁྲལ་དངུལ་སོ་སོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཉིས་དང་བྱེ་བ་གཉིས་སུ་འཕེལ།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱི་ཞིང་ཕྱུགས་ལས་རིགས་ཀྱིས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བའི་གཙོ་ཐིག་དཀྱིལ་སྙིང་དུ་བཟུང་སྟེ། མདོ་དབུས་མཐོ་སྒང་གི་ཐུན་མིན་ཞིང་ཕྱུགས་ཐོན་ཁུངས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཐོན་ལས་ཅན་དུ་འཕེལ་བའི་རྣམ་པ་སྔར་ལས་སྟོབས་ལྡན་དུ་གྱུར། རིམ་པ་སོ་སོའི་ཁེ་ལས་གཙོ་བོས་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་དང་མཉམ་ལས་ཁང་ལ་མཆན་བཀོད་གན་ཆིངས་འཇོག་པ་སོགས་ཀྱི་རྣམ་པར་བརྟེན་ནས། རོང་འབྲོག་མི་དམངས་ཀྱི་ཐུན་མོང་གཅིག་བསྡུས་ཁེ་ཕན་བསྐྲུན་མཐར། ཞིང་ཕྱུགས་ཐོན་རྫས་ཁ་ཐོར་ཡིན་པའི་ཐོན་ལས་བྱེད་སྟངས་དང་ཐུན་མོང་ལས་སྣོན་གཉིས་འཚམ་པོ་མིན་པའི་དཀའ་གནད་ཐག་བཅད།
མིག་སྔར། ཞིང་ཆེན་རིམ་པ་ཡན་གྱི་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོས་ཁྱོན་བསྡོམས་ཞིང་ཁྱིམ་འབུམ་ལྔ་དང་ཁྲི་གཉིས་སྟོང་ལྔ་ལ་སྣེ་ཁྲིད་བྱེད་ཀྱིན་ཡོད་ཅིང་། ཞིང་ཁྱིམ་ཐོན་ལས་དང་ཚོང་གཉེར་ཁྲོད་ཞུགས་སུ་བཅུག་ནས་ཡོང་འབབ་བསྐྲུན་ཚད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔར་སླེབས་ཡོད། དུས་མཚུངས་སུ། ཞིང་ཆེན་རིམ་པའི་ཁེ་ལས་གཙོ་བོར་ཀྲུང་གོའི་མིང་གྲགས་ཚོང་རྟགས་ཆེན་པོ་ཉི་ཤུ་ཐོབ་ཡོད་པ་དང་། ཞིང་ཆེན་རིམ་པའི་མིང་གྲགས་ཚོང་རྟགས་ང་ལྔ་ཐོབ་ཡོད། ཁེ་ལས་གཉིས་ཀྱི་ཐོན་རྫས་ལ་ཀྲུང་གོའི་ཞིང་ལས་ཐོན་རྫས་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ཐོབ། ཁེ་ལས་བརྒྱད་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ལ་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་ཁས་ལེན་དཔང་ཡིག་ཐོབ། དེ་མིན་ད་དུང་མཐོ་སྒང་དང་ལྗང་མདོག སྐྱེ་ལྡན་སོགས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་སུམ་ཅུ་ཐོབ་ཡོད། ཧུའུ་ཀྲུའུ་རྫོང་གི་ཕག་དང་ཏ་ཐུང་རྫོང་གི་སྐམས་ཤ་གཉིས་ཀྱང་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་ཆེས་ལེགས་པོའི་ཞིང་ཕྱུགས་ཐོན་རྫས་ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གྲགས་ཅན་གྲས་སུ་ཚུད།