གུང་ཧོ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་བསྡུས།
ཏན་ཏན་ཏིག་ཏིག་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བར་སྐུལ་འདེད་དང་། གཟབ་ནན་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོའི་ཁྲོད་དང་བླངས་ཞབས་ཞུའི་ཕན་ནུས་འདོན་སྤེལ་བྱེད་ཆེད། ཉེ་སྔོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་མཚོ་སྔོན་པོའི་ཐང་ཆེན་དུ་རྫོང་གུང་གཞོན་ཚོགས་པས་གཙོ་སྒྲུབ་བྱས་པའི"ལང་ཚོ་ཡི་འགྲིལ་ཤུགས། ལྗང་མདོག་གི་གུང་ཧོ"ཞེས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་འགན་སྒྲུབ་དམ་བཅའི་ཚོགས་ཆེན་བསྡུས།
ཐེངས་འདིའི་ཚོགས་ཆེན་སྟེང་གསེར་ཆེན་རྫོང་སློབ་འབྲིང་དང་། རྫོང་མི་རིགས་སློབ་འབྲིང་གི་གུང་གཞོན་ཚོགས་མིའི་དང་བླངས་པ་ཁག་ཅིག་དང་། "ནུབ་རྒྱུད་འཆར་འགོད" དང་བླངས་པ། ད་དུང་རྫོང་སྤྱི་བདེ་ཅུའུ། མེ་གསོད་རུ་ཁག རྒྱལ་ཁབ་ཁྲལ་བསྡུ་ཅུའུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་ཞབས་ཞུའི་རུ་ཁག་བཅས་བསྡོམས་པས་མི་ལྔ་བརྒྱ་དང་བརྒྱད་ཅུ་ལྷག་ཞུགས། འགན་སྒྲུབ་དམ་བཅའི་ཚོགས་ཆེན་སྟེང་དུ། ཚོགས་ཞུགས་འགོ་ཁྲིད་མི་སྣས«སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རམ་འདེགས་དང་ལྗང་མདོག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་འབྱོར་འབྲིང་གི་གུང་ཧོ་གསར་བ་འཛུགས་སྐྲུན་གྱི་གྲོས་གཞིའི་ཡི་གེ»སྒྲོག་འདོན་བྱས་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་བླངས་པའི་རུ་ཁག་སོ་སོར་དར་ཆ་གནང་།
དང་བླངས་པའི་འཐུས་ཚབ་པས་གཏམ་བཤད་པ་དང་། དང་བླངས་པ་ཡོངས་ཀྱིས་ཁས་ལེན་དམ་བཅའ་མཛད་པར་མ་ཟད། མིང་རྟགས་འགོད་པའི་བྱེད་སྒོ་སྤེལ། འགན་སྒྲུབ་དམ་བཅའི་ཚོགས་ཆེན་གྱིས་ན་གཞོན་དང་བླངས་པ་རེ་རེར་ཧུར་ཐག་ངང་འབད་དགོས་ལ། རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་པ་དང། གྲོས་འདོན་པ། ལྟ་སྐུལ་པ་ཀྱི་འགན་ལེགས་པར་བསྒྲུབ་སྟེ། མི་སྔར་ལས་མང་པོ་ཞིག་ཁོར་ཡུག་སྲུང་སྐྱོབ་ཐད་ཞུགས་པར་སྣེ་ཁྲིད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་གུ་རུ་སྒྲོལ་མ།