མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་སྤེལ་ཞིང་། ཐེངས་འདིར་དྭངས་གསལ་རྨ་ཆུའི་ཉམས་འགྱུར་སྟོང་ལ་རོལ།། སིལ་སྡོང་མེ་ཏོག་མཛེས་པ་ཉམས་སུ་མྱངས།། ཁྲི་ཀའི་ཡུལ་གྱི་ཟས་མཆོག་བཅུད་དུ་ལེན།། གྲོང་ཚོའི་རིག་གནས་རྗེས་ཤུལ་ངང་གིས་འཚོལ་ཞེས་པ་དམིགས་འབེན་དུ་བཟུང་སྟེ། རང་སའི་ཐུན་མོང་མ་ཡིན་པའི་རྨ་ཆུའི་རིག་གནས་སྔོག་འདོན་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་མཛེས་ལྗོངས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་བརྟེན་ནས། མགྱོགས་མྱུར་སྒོས་ཁྲི་ཀའི་ཡུལ་གྱི་རིག་གནས་གནས་སྐོར་གསར་སྤེལ་དང་། རྨང་གཞིའི་སྒྲིག་འགོད་འཛུགས་སྐྲུན་བྱེད་པའི་ཐད་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་རྣམས་ཀྱི་ལྗོངས་རྒྱུ་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
ཁྲི་ཀ་རྫོང་གི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་འདི་ནི་སྤྱི་ལོ་ཉིས་སྟོང་བཞི་ལོར་ཐོག་མར་བཙུགས་པ་ཡིན་ཞིང་། ད་བར་དུ་སྤེལ་ཐེངས་བཅུ་གཉིས་སུ་སླེབས་ཡོད། ཁྲི་ཀ་རྫོང་གིས་གནས་སྐོར་ལས་རིགས་སྤྱིའི་ཕྱོགས་ནས། དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཙིགས་སུ་བཟུང་སྟེ། སྐྱེ་ཁམས་མ་ལག་བཅོས་སྒྱུར་དང་སྐྱེ་ཁམས་ཁོར་ཡུག་ཕབ་སྒྱུར། སྐྱེ་ཁམས་ཤུགས་ཚད་ཆེ་རུ་བཏང་ནས། ཐོན་ལས་བཅོས་སྒྱུར་ཤུགས་བསྣན་དང་བསྟུན་ནས། ཞིང་ལས་དང་གནས་སྐོར་གྱི་ཐོན་ལས་མ་ལག་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་། ཞིང་ལས་ཀྱི་གནས་སྐོར་ལས་རིགས་ལ་ཞབས་འདེགས་ཞུ་བ་དང་། དེར་བརྟེན་ནས། རིག་གནས་དང་ལུས་རྩལ། གནས་སྐོར་ཁག་གཞི་གཅིག་ཏུ་སྦྲེལ་ཏེ། རིག་གནས་གནས་སྐོར་རིམ་འཕར་འབྱུང་བར་འབད་པ་བྱེད་དང་བྱེད་མུས་སུ་ཡོད།
རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་རྩོམ་མཛད་སྒོ།
ཁྲི་ཀ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་དང་། མཚོ་སྔོན་ཁྲི་ཀའི་དེང་རབས་ཆུ་བེད་དཔེ་སྟོན་ཁུལ། རྒྱལ་ཡོངས་སྐྱེ་ཁམས་དཔེ་སྟོན་ཁུལ་བཅས་ཀྱི་གོ་སྐབས་ལེགས་པོ་དང་བསྟུན་ཏེ། ཁྱོན་ཡོངས་ནས་ལྗོངས་རྒྱུ་ས་ཁུལ་འཆར་འགོད་བྱེད་པ་དང་། དུས་ཚིགས་བཞི་བོར་ལྗོངས་ཡུལ་སྐྲུན་པ། ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཡོངས་གནས་སྐོར་ལས་སྐྲུན་ལ་ཞུགས་པ། ཕྱོགས་ཡོངས་ནས་ཞབས་ཞུ་གང་ལེགས་སྒྲུབ་སྟེ། མདོ་དབུས་མཐོ་སྒང་གི་གནས་སྐོར་རྫོང་གྲགས་ཅན་སྐྲུན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་པ་བྱ་རྒྱུ་ཡིན་ཟེར།
རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ལྟ་བུ་ཡིན་ལ། དུས་ད་ལྟ་བར་རྨ་ཆུ་འདི་མི་རབས་མི་རབས་བར་གསོ་སྐྱོང་བྱས་ཏེ་ཡོང་བ་ཡིན་ཞིང་། མཚོ་སྔོན་ཁྲི་ཀའི་སིལ་སྡོང་མེ་ཏོག་དུས་ཆེན་ནི་རྨ་ཆུའི་འགྲམ་རྒྱུད་དུ་སྤེལ་བཞིན་པའི་རིག་གནས་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་ལ། ལོ་རེའི་ཟླ་བཞི་བའི་ནང་ཡུལ་འདིར་ཕུན་སུམ་ཚོགས་ཤིང་རིགས་སྣ་མང་པོའི་བྱ་འགུལ་སྤེལ་ཏེ། ལྟད་མོ་བ་རྣམས་ལ་ཡིད་ཚིམ་ཞིང་གྱ་ནོམ་པའི་གསོལ་སྟོན་ཞིག་བཤམ་བཞིན་ཡོད།
ཁྲི་ཀའི་ཁྱད་ཐོན་ལག་རྩལ་ལས་འཁྲུངས་པའི་ཡིག་གཟུགས་དང་རི་མོ་སོགས་ཀྱི་འགྲེམ་སྟོན།
ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་ནི་2018ལོའི་ཁྲི་ཀའི་རྨ་ཆུ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གསུམ་པ་གཟབ་རྒྱས་ངང་འཚོགས་པའི་དབུ་འབྱེད་མཛད་སྒོ་ཡིན་ལ། ཉིར་དེར་སྤྲིན་གྱི་རྨི་ལམ་ལ་འཁྱུད་པའི་སིལ་སྡོང་མེ་ཏོག་ཅེས་པའི་ཞབས་བྲོའི་ཁྲོད་དུས་ཆེན་གྱི་མཛད་སྒོ་དངོས་སུ་འགོ་བརྩམས་ཤིང་། འགོ་རྩོམ་མཛད་སྒོའི་སྟེང་དུ་ཞིང་ཆེན་ཕྱི་ནང་གི་གླུ་བ་གླུ་མ་མང་པོ་གདན་ཞུས་གནང་སྟེ། ཁོ་ཚོའི་སྙན་མོ་གླུ་ཡི་འགྱུར་ཁུགས་དང་སྟངས་སྟབས་ལུས་ཀྱི་ཉམས་འགྱུར་ལ་བརྟེན་ནས་ཕ་ཡུལ་ཁྲི་ཀར་བཅངས་བའི་བརྩེ་སེམས་དྲོན་མོ་མངོན་པར་མཚོན་ཞིང་། རིག་གནས་དང་གནས་སྐོར་ཟུང་འབྲེལ་བྱས་ཏེ་ཁྲི་ཀའི་ཡུལ་གྱི་རི་ཆུ་ནགས་གསུམ་རྣམ་པར་བརྒྱན་ཡོད།
ལིས་པའོ་ཙུང་གི་སྣུམ་ཚོན་རི་མོ་འགྲེམ་སྟོན།
ཁྲི་ཀ་ནི་མི་རིགས་སྣ་མང་འདུས་སྡོད་བྱས་ཡོད་པའི་ས་ཆ་ཞིག་ཡིན་པ་མ་ཟད། རིག་གནས་སྣ་མང་དང་ཆོས་ལུགས་སྣ་མང་མཉམ་གནས་མཉམ་སྡོད་བྱེད་པའི་ཡུལ་ཞིག་ཀྱང་ཡིན། མི་རིགས་ས་ཁུལ་གྱི་རང་སྟེང་གི་འཕེལ་རྒྱས་ནུས་པ་རྒྱ་བསྐྱེད་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཤུགས་དྲག་ཏུ་བཏང་སྟེ། མི་རིགས་ཕན་ཚུན་བར་གྱི་ཐུན་མོང་མ་ཡིན་པའི་ཆ་དང་རིག་གནས་སྣ་མང་རང་བཞིན་ལ་བརྩི་བཀུར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ནང་དུ་རིགས་སོ་སོའི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་རོགས་རམ། མཐུན་སྒྲིལ་མཉམ་གནས། ཐུན་མོང་འཕེལ་རྒྱས་ཡོང་དགོས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་དུས་ཀྱི་གསུང་བཤད་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་དར་རྒྱས་གོང་འཕེལ་ཕྱིན་པར་བཏོན་པའི་བླང་བྱ་གལ་ཆེན་ཞིག་ཀྱང་ཡིན།
ཞིང་ཆེན་ཡོངས་ཀྱི་གཟེབ་གྲུག་འགྲན་སྡུར།
ཐེངས་འདིའི་རྨ་ཆུ་རིག་གནས་ཡུལ་སྐོར་གྱི་སྐབས་སུ་ཁྲི་ཀ་རྫོང་གིས་རྒྱལ་ཡོངས་ཀོ་གྲུ་འགྲན་སྡུར་དང་། ཞིང་ཆེན་ཡོངས་ཀྱི་རྨ་ཆུ་ཆུ་རྡོ་འགྲན་སྡུར། ཞིང་ཆེན་ཡོངས་ཀྱི་གཟེབ་གྲུག་འགྲན་སྡུར། ཁྲི་ཀའི་ཁྱད་ཐོན་རིག་གནས་གནས་སྐོར་ཐོན་རྫས་འགྲན་སྡུར། ཡིག་གཟུགས་དང་རི་མོ་འགྲེམ་སྟོན། ལིས་པའོ་ཙུང་གི་སྣུམ་ཚོན་རི་མོ་འགྲན་སྡུར་སོགས་བྱ་འགུལ་རབ་དང་རིམ་པར་སྤེལ་ཏེ་དུས་ཆེན་གྱི་ཡོ་ལང་ཕུན་སུམ་ཇེ་ཚོགས་སུ་བཏང་།
རྒྱལ་ཡོངས་ཀྱི་ཀོ་གྲུ་འགྲན་སྡུར་སྐབས་དང་པོ།
ཁྲི་ཀའི་ཡུལ་གྱི་མེ་ཏོག་གི་འཇིག་རྟེན།
གསར་འགོད་པ། དབང་རྒྱལ་ཚེ་རིང་། པདྨ་མཚོ།