ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་བཟོ་ཚོགས་བྱ་བའི་གསར་འགྱུར་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་ལས་ཤེས་གསལ་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་སྐབས། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས། བཟོ་བ་གྲལ་རིམ་གྱི་རླབས་ཆེན་གཤིས་སྤྱོད་བཅས་དར་སྤེལ་ཆེན་པོ་བྱས་ཏེ། “ངལ་རྩོལ་གཟི་བརྗིད་ལྡན་པ་དང་བཟོ་བ་རླབས་ཆེ་བའི”སྣང་ཚུལ་སྔར་ལས་ལེགས་པོར་བསྐྲུན་ཆེད། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས“ལྔ་གཅིག”གི་རྟེན་འབྲེལ་བྱ་འགུལ་ཆེན་པོ་བདུན་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བཟོ་བ་ས་ཡ་ལྷག་གིས“དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི”འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པའི་ཆེད་དུ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱེད་རྒྱུ་རེད།
གཅིག་ནི་མཚོ་སྔོན་ཞིང་ཆེན་གྱིས“ལྔ་གཅིག”ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི“ལྔ་གཅིག་བྱ་དགའ་གཉིས”གནང་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས་ནས། “ངལ་རྩོལ་གཟི་བརྗིད་ལྡན་པ་དང་། ཤེས་བྱ་བླ་ན་མེདཔ། ཤེས་ལྡན་མི་སྣ་རྩ་ཆེ་བ། གསར་སྐྲུན་རླབས་ཆེ་བའི”ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་རེད། གཉིས་ནི“ལྔ་གཅིག”གི་སྐབས་སུ་ངལ་རྩོལ་དཔེ་ལེགས་ཅན་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བའི་གཞུང་དྲང་སྒོས་ངལ་རྩོལ་བྱེད་པ་དང་ཧུར་ཐག་གིས་ངལ་རྩལ་བྱེད་པ། གསར་སྐྲུན་རང་བཞིན་གྱིས་ངལ་རྩོལ་བྱེད་པ་བཅས་ཀྱི་བརྩོན་སེམས་བསྐྱེད་རྒྱུ་རེད། གསུམ་ནི་ལས་བཟོ་བར་གློག་རྡུལ་དཔེ་ཁང་གིས་ཡོངས་སུ་ཁེབས་པར་བྱེད་པའི་མཛད་སྒོ་སྤེལ་ནས“མི་རེར་དཔེ་ཁང་རེ་ཡོད་པ་དང་གང་ས་གང་དུ་དཔེ་ཀློག་བྱེད་པའི” རྣམ་པ་བསྐྲུན་ཏེ། ཁེ་ལས་རིག་གནས་དར་ཞིང་རྒྱས་པར་བྱེད་པ་དང་ཤེས་བྱའི་རང་རྟོགས་ཇེ་ཆེར་གཏོང་རྒྱུ་རེད། བཞི་ནི་ངལ་རྩོལ་དཔེ་ལེགས་ཅན་ལ་གཅེས་སྐྱོང་བྱེད་པའི་བྱ་འགུལ་སྤེལ་ཏེ“ངལ་རྩོལ་དཔེ་ལེགས་ཅན་ལ་སྤྱི་བཀུར་དང་སློབ་སྦྱོང་། བརྩོན་ལེན་དང་གཅེས་སྐྱོང ”བྱེད་པའི་གནས་ཚུལ་སྤྱི་ཚོགས་ཡོངས་ཀྱི་་སྲོལ་བཟང་དུ་འགྱུར་བར་བྱེད་རྒྱུ་རེད། ལྔ་ནི“ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་གྱི་མཛེས་པ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་ནས་ཡོངས་ཁྱབ་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་དང་མཐོ་སྒང་གི་ལག་ཤེས་པ། ཡིད་འོང་གི་ངལ་རྩོལ་པ་བཅས་དྲིལ་བསྒྲགས་དང་། ཡོངས་ཁྱབ་ཀྱིས་སྔོན་ཐོན་ལས་བཟོ་བ་དང་ཞིང་ལས་པ་ཕུལ་བྱུང་གི་འཐུས་མི་དྲིལ་བསྒྲགས་བྱེད་རྒྱུ་རེད། དྲུག་ནི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་གྱི་ལག་རྩལ་གསར་གཏོད་གྲུབ་འབྲས་ཀྱི་འགྲེན་སྟོན་ཚོགས་འདུ་སྐབས་དང་པོ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བཟོ་བའི་གསར་སྐྲུན་གྱི་སྙིང་སྟོབས་དང་གསོན་ཤུགས་སྐུལ་སྤེལ་བཏང་ནས་གསར་གཏོད་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཆེད་དུ་ནུས་ཤུགས་མཁོ་སྤྲོད་བྱེད་པ། བདུན་ནི“ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་གྱི་མཛེས་པ་སྟེ། ང་དང་བཅོས་སྒྱུར་སྒོ་འབྱེད་ལོ་འཁོར་བཞི་བཅུ”ཞེས་པའི་ལྔ་གཅིག་ལས་བཟོ་བའི་ཡིག་གཟུགས་འགྲེམ་སྟོན་སྤེལ་ཏེ་མཚོ་སྔོན་གྱི་ལས་བཟོ་བའི་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་རེད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ། རྡོ་རྗེ་སྒྲོལ་མ།