ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དགའ་བ་བཞི་དང་ཡོད་པ་གསུམ་གྱི་སློབ་གསོ་བརྗོད་གཞིའི་བྱ་འགུལ་སྤེལ།
2018.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཡུས་ཧྲུའུ་ས་འགུལ་བྱུང་ནས་ལོ་བརྒྱད་འགོར་བར་རྗེས་དྲན་བྱེད་པའི་སྐབས་འདིར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོའི་ཁོངས་གཏོགས་ཀྱིས་གཙོ་འཛིན་ལ་དགའ་བ་དང་ཏང་ལ་དགའ་བ། མེས་རྒྱལ་ལ་དགའ་བ། མཚོ་སྔོན་ལ་དགའ་བ་བཅས་དགའ་བ་བཞི་དང་། ཕུགས་བསམ་ཡོད་པ་དང་ནུས་པ་ཡོད་པ། ཁག་ཁུར་ཡོད་པ་བཅས་ཡོད་པ་གསུམ་གྱི་སློབ་གསོའི་བྱ་འགུལ་སྤེལ་བ་དེ་སློབ་གྲྭ་ཡོངས་ཀྱི་ལོ་ཧྲིལ་བོའི་བསམ་བློ་ཆབ་སྲིད་སློབ་གསོ་བྱ་བའི་གཙོ་གནད་དུ་བརྩིས་ནས་སློབ་གསོའི་སློབ་ཁྲིད་དང་སློབ་གླིང་རིག་གནས་འཛུགས་སྐྲུན། དགེ་སློབ་ཀྱི་སྤྱི་ཚོགས་ལག་ལེན་བཅས་ཀྱི་དུས་རིམ་སོ་སོའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་པ་དང་། དགའ་བ་བཞི་དང་ཡོད་པ་གསུམ་གྱི་དོན་སྙིང་སྔོག་འདོན་བྱས་ནས་ཡུས་ཧྲུའུ་སློབ་གསོའི་མིང་རྟགས་གྲགས་ཅན་ཧུར་ཐག་གིས་བསྐྲུན།

གྲོང་ཁྱེར་དང་རྫོང་སོ་སོའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཅུའུ། སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་དགའ་བ་བཞི་དང་ཡོད་པ་གསུམ་གྱི་སློབ་གསོ་བརྗོད་གཞིའི་རིག་གནས་ཁྱམས་ར་དང་དྲིལ་སྒྲོག་པང་ལེབ། སྤྱི་ཕན་བརྡ་ཁྱབ་སོགས་ལ་སེམས་ཞིབ་མོས་ཇུས་འགོད་བྱས་ཏེ་དགའ་བ་བཞི་དང་ཡོད་པ་གསུམ་གྱི་སློབ་གསོར་དུས་ནམ་ཡིན་ཡང་སློབ་སྦྱོང་བྱེད་ཆོག་པར་བྱས། དེ་དང་མཉམ་དུ། རྒྱ་ཆེའི་སློབ་མ་ཚོར་སྣེ་ཁྲིད་དེ་སློབ་མ་ཚོའི་རྒྱལ་གཅེས་བསམ་བློ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱས་པ་དང་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཅེས་པའི་བསམ་བློ་བརྟན་པོར་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་མཁན་བྱེད་པར་སློབ་གསོ་བཏང་བ་དང་ཁྲིད་སྟོན་བྱས། རྣམ་པ་སྣ་མང་གི་སློབ་གསོའི་ཁྲིད་སྟོན་བརྒྱུད་ནས་རྒྱ་ཆེའི་དགེ་སློབ་ཡོངས་ཀྱི་དགའ་བ་བཞི་དང་ཡོད་པ་གསུམ་ལག་བསྟར་བྱེད་པའི་རང་འགུལ་རང་བཞིན་དང་སྲ་བརྟན་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།