རོང་འབྲོག་ས་ཁུལ་གྱི་སྡོད་གནས་ཁོར་ཡུག་བཅོས་བསྒྱུར་དང་མི་དམངས་ཀྱི་འཚོ་བ་ཇེ་བཟང་དུ་གཏང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ལོ་གསུམ་ནང་དུ“བཀོད་སྒྲིག་འོས་ཤིང་འཚམ་པ་དང་རིན་བདེ་སྤྱོད་བདེ། འཕྲོད་སྟེན་འཁོར་ཡུག་སྲུང་སྐྱོབ། དོ་དམ་ཚད་དང་མཐུན་པ། མི་དམངས་ཀྱི་ཡིད་ཚིམ་པ” བཅས་དམིགས་འབེན་དུ་བཟུང་ནས། ཉིས་སྟོང་ཉི་ཤུ་ལོའི་བར་དུ། གསར་འཛུགས་དང་བསྐྱར་བཟོ་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་དུ་ཚད་དང་ལྡན་པའི་ཞིང་སྡེའི་སྤྱི་བཀོལ་གསང་སྤྱོད་སྟོང་གཉིས་བཞི་བརྒྱ་གྱ་བཞི་འཛུགས་སྐྲུན་བྱ་རྒྱུ་རེད། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་ལ་ཉིས་བརྒྱ་དང་གོ་བདུན་དང་མཚོ་ཤར་གྲོང་ཁྱེར་ལ་སྟོང་གཅིག་བརྒྱ་དང་ཉི་ཤུ་རྩ་གསུམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་བརྒྱ་དང་ང་ལྔ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་བརྒྱ་དང་དོན་བདུན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་ཉིས་བརྒྱ་དང་རྩ་གཉིས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་བརྒྱ་དང་ཞེ་གཉིས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་བརྒྱ་དང་རེ་གཉིས། མགོ་ལོག་བོད་རིགས་རང་སྐྱོང་ལ་བརྒྱ་དང་སོ་དྲུག་བཅས་ལས་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ཞིང་སྡེའི་གསང་སྤྱོད་བཅོས་སྒྱུར་དང་གསང་སྤྱོད་བསྒྱུར་བཀོད་ལག་བསྟར་བྱས་ཏེ། གཅིན་སྐྱག་གཙང་དག་བྱེད་པ་དང་བསྟུན་ནས་ཞིང་སྡེའི་ས་ཁུལ་གྱི་འཚོ་བའི་གད་སྙིགས་དང་ཆུ་རྙོག་གཙང་དག་བྱེད་པར་ཞིབ་བཤེར་དང་གདེང་འཇོག་སྒྲིག་སྲོལ་ལག་བསྟར་བྱས་ནས་དུས་ཚོད་གཏན་འཁེལ་གྱིས་ས་གནས་སོ་སོའི་བྱ་བའི་དོ་དམ་འཕེལ་འགྱུར་ཡར་ཞུ་བྱེད་རྒྱུ་རེད། ཞིང་སྡེའི་འཚོ་བའི་གད་སྙིགས་ཀྱི་རིགས་དབྱེ་ལ་སྐུལ་འདེད་དང་ཐོན་ཁུངས་བེད་སྤྱོད་བྱེད་པ། ཞིང་གྲོང་གི་འཚོ་བའི་ཆུ་རྙོག་གཙང་དག་བྱས་ནས། འཐུས་ཚང་དང་སྤྱོད་བདེ་བའི་ཚན་རྩལ་མ་དཔེ་ཁྱབ་གདལ་དུ་གཏོང་རྒྱུ་རེད། དཔེ་མཚོན་མ་དཔེ་གཞིར་བཟུང་ནས་མཛེས་སྡུག་ལྡན་ཞིང་སྡོད་བདེ་བའི་འཛུགས་སྐྲུན་བྱེད་རྒྱུའི་སྣེ་ཁྲིད་དེ། ཞིང་གྲོང་གི་གད་སྙིགས་ཆུ་རྙོག་གཙང་དག་བྱེད་པ་དང་། ཏན་ཏིག་ངང་ཞིང་སྡེའི་ཁོར་ཡུག་གི་གནས་ཚུལ་ཇེ་བཟང་དུ་གཏོང་རྒྱུ་རེད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་སྒྲོལ་མ་འཚོ།