མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད།
2018.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་བའི་ཚེས་བཅུ་གཅིག་ནས་བཅོ་ལྔའི་ཉིན་བར། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཡོན་ཞིན་གྱིས་ཞིབ་འཇུག་ཚོ་ཆུང་གི་མགོ་ཁྲིད་དེ། མཚོ་ནུབ་ཁུལ་གྱི་འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚོ་ཆུང་སྔ་ཕྱིར་ན་གོར་མོ་དང་། ཏུའུ་ལན་རྫོང་། ཝུའུ་ལན་རྫོང་། ཐེམ་ཆེན་རྫོང་། མང་ཨེ་སྲིད་འཛིན་ས་ཁུལ་བཅས་སུ་སོང་ནས་བྱ་བའི་སྙན་ཞུར་ཉན་པ་དང་། ཡུལ་དངོས་ནས་རྟོག་ཞིབ་བྱས། ད་དུང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་དང་སློབ་གྲྭའི་འགན་ཁུར་མི་སྣ་དང་མཉམ་དུ་བཞུགས་མོལ་བྱས་པ་མ་ཟད། ཕྱོགས་ཡོངས་ནས་མཚོ་ནུབ་ཁུལ་གྱི་འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ཐད་ལ་རྒྱུས་ལོན་བྱས་ཏེ། གནད་དོན་དག་ལ་དབྱེ་ཞིབ་བྱས་པའི་ཞོར་དུ་བསམ་འཆར་དང་གྲོས་གཞི་བཏོན།

རྟོག་ཞིབ་བྱས་པའི་གནས་ཚུལ་ལྟར་ན། མཚོ་ནུབ་ཁུལ་གྱི་ས་གནས་སོ་སོའི་འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ཀྱི་བྱ་བའི་ཐད་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ལ། ལྷག་པར་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སློབ་ཁྲིད་སྤུས་ཚད་མཐོར་འདེགས། སློབ་གྲྭར་ཚད་ལྡན་ངང་དོ་དམ་བྱེད་པ་སོགས་ཀྱི་ཕྱོགས་ནས་འབྲས་བུ་གཡུར་དུ་ཟ་བ་ཞིག་བླངས། སློབ་གྲྭ་འཛུགས་སྐྱོང་གི་ཆ་རྐྱེན་ཉིན་བཞིན་ཇེ་ལེགས་དང་། ཁོར་ཡུག་བཟང་ཕྱོགས་སུ་འཕེལ་ཡོད་ལ། འཕེལ་རྒྱས་གྲུབ་འབྲས་ཉིན་རེ་ལས་ཉིན་རེར་མངོན་གསལ་ཡིན་མོད། འོན་ཀྱང་ནོར་སྲིད་དངུལ་གཏོང་རྐྱེན་སྲོལ་དང་། དགེ་རྒན་གྱི་དཔུང་སྡེའི་རྩ་འཛུགས། དགེ་རྒན་གྱི་ལས་ཐོབ་དཔྱད་བསྡུར་གཏན་འབེབས་སོགས་ཐད་ལ་གནད་དོན་གནས་ཡོད། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་འོས་འགན་སློབ་གསོ་སྤུས་ལེགས་ངང་ཆ་སྙོམས་ངང་འཕེལ་རྒྱས་ཡོང་བར་ཚད་བཀག་དང་ངན་ཤན་ཐེབས།

རྟོག་ཞིབ་ཚོ་ཆུང་གིས་ནན་གྱིས་བསྟན་དོན། འོས་འགན་སློབ་གསོའི་ཆ་སྙོམས་འཕེལ་རྒྱས་ནི་ཡུན་རིང་བའི་དམངས་འཚོའི་ལས་དོན་ཅིག་ཡིན་ཏེ། མངོན་གསལ་རང་བཞིན་གྱི་གནད་དོན་དག་ཐག་གཅོད་དགོས་ཚེ། ངེས་པར་དུ་སྲིད་གཞུང་དང་སྡེ་ཁག་སོ་སོས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། ཧུར་བརྩོན་བཅས་བྱེད་དགོས་ཟེར།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་གུ་རུ་སྒྲོལ་མ།