མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་དང་སྡོད་ཁུལ་གྱི་བཅའ་ཁྲིམས་བློ་འདྲི་བར་སྒོར་སྟོང་བརྒྱད་ཀྱི་ཁ་གསབ་སྟེར་རྒྱུ་རེད།
2018.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས«སྡེ་བ་དང་སྡོད་ཁུལ་རེར་བཅའ་ཁྲིམས་བློ་འདྲི་བ་རེ་བཀོད་སྒྲིག་བྱེད་པའི་བྱ་བ་སྤེལ་བའི་ལག་བསྟར་ཇུས་གཞི་འགྲེམ་སྤེལ»བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྡེ་བ་དང་སྡོད་ཁུལ་རེར་བཅའ་ཁྲིམས་བློ་འདྲི་བ་རེ་ཡོད་པའི་ལམ་ལུགས་ལག་བསྟར་བྱེད་འགོ་བརྩམས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཆེད་དོན་གྲོན་དངུལ་བཀོད་སྒྲིག་བྱས་ཏེ། དར་རྒྱས་མིན་པའི་ས་ཁུལ་སྐོར་ཞིག་གི་སྡེ་བ་དང་སྡོད་ཁུལ་རེར་བཅའ་ཁྲིམས་བློ་འདྲི་བ་རེ་བཀོད་སྒྲིག་བྱེད་པའི་བྱ་བའི་གྲོན་དངུལ་རྒྱབ་སྐྱོར་འོས་འཚམ་བྱེད་རྒྱུ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་ནོར་སྲིད་སྡེ་ཁག་གིས་རྩ་དོན་སྟེང་ནས་སྡེ་བ་དང་ཡང་ན་སྡོད་ཁུལ་རེར་ལོ་རེར་སྒོར་སྟོང་བརྒྱད་ཀྱི་ཚད་གཞི་ལྟར་བཅའ་ཁྲིམས་བློ་འདྲི་བའི་བྱ་བའི་ཐད་ནས་གྲོན་དངུལ་གྱི་ཁ་གསབ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལག་བསྟར་ཇུས་གཞི་ཡིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་སྤྱི་ཚོགས་དེའི་ཁྲོད་ཞུགས་པ། དམངས་ཚིས་ལ་ཞབས་འདེགས་ཞུ་བ། མཐུན་སྦྱོར་ངང་སྤེལ་བའི་རྩ་དོན་ལྟར། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་པ་བརྒྱུད་དེ། རྫོང་རིམ་པའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་སྡེ་བ་དང་སྡོད་ཁུལ་གྱི་རྩ་འཛུགས་དང་བཅའ་ཁྲིམས་ཞབས་ཞུ་སྡེ་ཁག་བར་ཞབས་ཞུའི་གྲོས་མཐུན་བཀོད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྩ་འཛུགས་བྱེད་པ་དང་སྣེ་ཁྲིད་བྱེད་པ། ཁྲིམས་ལུགས་ཆེད་ལས་མི་སྣ་ལ་རྒྱབ་རྟེན་ནས་ཁྲིམས་ལུགས་ཞབས་ཞུ་སྡེ་བ་དང་སྡོད་ཁུལ་དུ་སྐྱོད་པའི་བྱ་བ་སྤེལ་ནས། གཞི་རིམ་རྩ་འཛུགས་དང་མང་ཚོགས་ལ་ཁྲིམས་ལུགས་ཀྱི་བློ་འདྲི་དང་ཁྲིམས་ལུགས་ཐད་ཀྱི་རོགས་སྐྱོར། ཁྲིམས་སྐྱོང་དྲིལ་སྒྲོག མི་དམངས་བར་འདུམ་ཁྲོད་ཞུགས་པ་སོགས་ཀྱི་ཁྲིམས་ལུགས་ཞབས་ཞུ་བྱ་བ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ཀྱིས་སྡེ་བ་དང་སྡོད་ཁུལ་ནས་གཞི་རྩའི་སྤྱི་ཐུན་ཁྲིམས་ལུགས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱེད་པ། དཀའ་ཁག་མང་ཚོགས་ལ་དུས་ལྟར་ཁྲིམས་ལུགས་ཐད་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ། གཞི་རིམ་མང་ཚོགས་ཀྱི་ཁྲིམས་ལུགས་ཞབས་ཞུ་ཐད་ཀྱི་ཡིད་ཚིམ་ཚད་མཐོར་འདེགས་བྱེད་པ་བཅས་བྱེད་རྒྱུ་རེད།