རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་བཏང་།
2018.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་བརྒྱད་ལོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བཞི་འབུམ་བརྒྱད་ཁྲི་བརྒྱད་བཏང་བ་དང་། དེའི་ཁྲོད། མཁར་གྲོང་གི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་ལྔ་འབུམ་ལྔ་ཁྲི་གཅིག་དང་ཐོན་ཁུངས་གྲོན་ཆུང་དང་འཁོར་སྐྱོད་བཀོལ་སྤྱོད་བཟོ་སྐྲུན་གཙོ་བོའི་ཐད་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་གསུམ་ཁྲི་བདུན་བཀོད་སྒྲིག་བྱས་ཡོད།

ལས་གཞི་དུས་ཐོག་ཏུ་ལས་འགོ་རྩོམ་པ་དང་མགྱོགས་མྱུར་སྒོས་ཡོངས་གྲུབ་བྱེད་པ། ཕན་ནུས་འདོན་སྤེལ་བཅས་བྱེད་པར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་གཏོང་འཆར་གཞི་བཀོད་སྒྲིག་བྱས་ཏེ་ལས་གཞིའི་ས་ཁུལ་སོ་སོར་བགོས། ཟི་ལིང་དང་མཚོ་ནུབ། རྨ་ལྷོ། མཚོ་ལྷོ། ཡུས་ཧྲུའུ་སོགས་ས་ཁུལ་ལ་བསྡོམས་པས་ལས་གཞི་བཅོ་བརྒྱད་དང་ལས་གཞིའི་སྤྱིའི་མ་དངུལ་གཏོང་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་དགུ་འབུམ་བདུན་ཁྲི་གཉིས་བཏང་།

ཐེངས་འདིའི་དངུལ་གཏོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་བཅོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་འཐུས་ཚང་དུ་གཏོང་ཐུབ་པ་དང་ཐོན་ཁུངས་གྲོན་ཆུང་དང་འཁོར་སྐྱོད་བེད་སྤྱོད་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་ཐུབ་ལ། ལས་གཞིའི་འཛུགས་སྐྲུན་ཡོངས་གྲུབ་བྱས་རྗེས། གོང་གི་ས་ཁུལ་དེ་དག་གི་མཁར་གྲོང་གི་བཙོག་ཆུ་བསྡུ་རུབ་དང་ཐག་གཅོད་ནུས་པ་དང་འཚོ་བའི་གད་སྙིགས་ཐག་གཅོད་ནུས་པ་མཐོར་འདེགས་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱེད་ཐུབ།