ཉེ་ལམ། ཀྲུང་གོའི་སྐབས་བདུན་པའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་སོ་གཅིག་གི་འགྲན་ཞུགས་པ་ཉིས་བརྒྱ་དང་གཅིག་གི་ཁྲོད་བསྡོམས་པས་མི་དགུ་བཅུ་ཀྲུང་གོའི་སྐབས་བདུན་པའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོར་བདམས་ཐོན་བྱུང་ཡོད། དེའི་ཁྲོད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་འོས་སྦྱོར་སྙན་ཞུ་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་ཤ་བོ་སྐྱབས་དང་བློ་བཟང་བསྟན་པ་གཉིས་ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོའི་མཚན་ཉིད་ཐོབ།
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོ་ནི་རང་རྒྱལ་གྱི་བཟོ་རྩལ་མཛེས་རྩལ་ཐད་ཀྱི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་ཡིན་པ་དང་ལོ་ལྔའི་ནང་ཐེངས་རེར་སྤེལ་བཞིན་ཡོད། དཔྱད་འདེམས་བྱ་འགུལ་སྤེལ་བའི་ཚུན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྔ་གཞུག་ཏུ་ཤ་བོ་ཚེ་རིང་དང་ཕྱག་རྡོར། སྙིང་འབུམ་སོགས་དམངས་ཁྲོད་བཟོ་རྩལ་པ་དག་ལ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་ཆེན་མོའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། དེས་རྨ་ལྷོ་ཁུལ་ནུབ་བྱང་ས་ཁུལ་གྱི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་སློབ་དཔོན་མོ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུབ་ཚང་རང་བཞིན་ལྡན་པའི་རྒྱུན་འཛིན་མི་སྣ་ཆེས་མང་བའི་ས་ཁུལ་གཅིག་པུར་གྱུར་པར་བྱས།