མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་པའི་བཙུན་མའི་གསོ་སྦྱོང་ཐོག་མ་སྤེལ་བ།
2018.05.12 ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 27

1.jpg

མཚོ་ལྷོ་ཁུལ་གྱིས་བོད་བརྒྱུད་ནང་བསྟན་དགོན་པའི་བཙུན་མའི་གསོ་སྦྱོང་ཐོག་མ་སྤེལ་བ།

མཚོ་ལྷོ་ཁུལ་གྱིས་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་བེད་སྤྱོད་གང་ལེགས་བྱས་ནས་གཅིག་སྡུད་ཀྱིས་འཛིན་གྲྭ་གཉེར་བ་དང་། ཁག་བགོས་རེས་སྐོར་གསོ་སྦྱོང་བྱེད་པའི་ཐབས་ལམ་སྤྱད་ནས་གྲྭ་བཙུན་གསོ་སྦྱོང་ལ་ཤུགས་བསྣན་པར་བརྟེན། ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་ཤེས་བྱའི་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་ཁས་ལེན་པ་དང་གནད་འགག་དུས་སུ་ནུས་པ་འདོན་ཐུབ་པའི་ཕུལ་བྱུང་གྲྭ་བཙུན་ཁག་ཅིག་སྐྱེད་སྲིང་བྱས།
ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་ཤེས་ལྡན་པའི་འགན་སྲུང་བྱེད་པར་དམིགས་ནས། མཚོ་ལྷོ་ཁུལ་གྱིས་གྲྭ་བཙུན་གསོ་སྦྱོང་ཕྱོགས་ནས་མུ་མཐུད་དུ་གསར་གཏོད་ཡར་བརྩོན་དང་། བློ་སྐྱེད་འབད་འབུངས་ཀྱིས་གསོ་སྦྱོང་ཁྱབ་ཁོངས་སྔར་བས་རྒྱ་བསྐྱེད་དེ། བོད་བརྒྱུད་ནང་བསྟན་དགོན་སྡེའི་བཙུན་མ་གསོ་སྦྱོང་སྤྱིའི་འཆར་འགོད་ཁྲོད་བཞག་ནས་གསོ་སྦྱོང་བྱས་ལ། མཚོ་ལྷོ་ཁུལ་གྱི་བཙུན་མའི་རྟོག་ཞིབ་སློབ་སྦྱོང་དངོས་སུ་སྤེལ་འགོ་ཚུགས།

ཉེ་སྔོན། དགོན་སྡེའི་བཙུན་མ42ལས་གྲུབ་པའི་རྟོག་ཞིབ་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་དང་། ལྷག་བསམ། གཟབ་ནན་བཅས་ཀྱི་སློབ་སྦྱོང་གི་རྣམ་འགྱུར་བཟུང་ནས། སྔ་རྗེས་སུ་ཡུན་ནན་ཞིང་ཆེན་ཁུན་མིང་དང་། ལེ་ཅིང་། ཏ་ལི། ཤིས་ཧྲོང་པན་ན་སོགས་ས་ཁུལ་དུ་ཆོས་ལུགས་རིག་གནས་དང་། དམངས་སྲོལ། སྐྱེ་ཁམས་ཁོར་ཡུག་དང་ཡུལ་སྐོར་འཕེལ་རྒྱས་སོགས་ཐད་ལ་རྟོག་ཞིབ་སློབ་སྦྱོང་བྱེད་པའི་ཞོར་དུ། སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་བཟང་བོ། ཡུལ་གཞན་གྱི་དམངས་སྲོལ་གོམས་གཤིས་སོགས་ལ་རོལ་མྱོང་བྱས།
ཐེངས་འདིའི་གསོ་སྦྱོང་གི་མཇུག་ཏུ། ཆེད་དུ་བགྲོ་གླེང་ཚོགས་འདུ་ཞིག་རྩ་འཛུགས་བྱས་ཤིང་། གསོ་སྦྱོང་ལ་ཞུགས་པའི་བཙུན་མ་རྣམས་ཀྱིས་རང་རང་གི་མཐོང་ཐོས་མྱོང་གསུམ་སྐོར་ནས་བསམ་བློ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་བྱས་ཏེ་རང་ཉིད་ཀྱི་བསམ་བློ་འདུ་ཤེས་ཐད་ནས་འགྱུར་ལྡོག་གསར་པ་བྱུང་བ་མ་ཟད། རྗེས་ཕྱོགས་རང་རང་སྡོད་སའི་དགོན་པའི་ནང་ཁུལ་གྱི་དམངས་གཙོའི་དོ་དམ་དང་། དགོན་པའི་རང་ཁ་རང་གསོ། གྲྭ་བཙུན་ཤེས་ལྡན་པ་གསོ་སྐྱོང་ཐད་ལའང་གྲོས་འགོ་གསར་བ་མང་པོ་བཏོན་བྱུང་། ལྷག་པར་དུ་ས་ཁུལ་གཉིས་ཀྱི་ཆོས་ལུགས་རིག་གནས་འཕེལ་རྒྱས་ཐད་ཀྱི་ཧེ་བག་དང་མི་འདང་ས་འཚོལ་བ། ལེགས་ཆ་འདོན་པ་དང་ཞན་ཆ་ཁ་གསབ་བྱེད་པ། སྔོན་ཐོན་ས་ཁུལ་གྱི་གསར་གཏོད་བསམ་ཕྱོགས་དང་སྔོན་ཐོན་ཉམས་མྱོང་ལ་བརྟེན་ནས་རང་ཁུལ་གྱི་ཆོས་ལུགས་ལས་དོན་སྐྱོན་བྲལ་བརྟན་པོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།