མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་ཡོག་མ་སྡེ་བའི་རོང་འབྲོག་མང་ཚོགས་ལྔ་བཅུ་ལྷག་ཅང་སུའུ་རུ་སོང་ནས་ལས་ཞུགས་བྱས།
2018.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་ཡོག་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཏོན་པའི་ཞང་སྡེ་དར་རྒྱས་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་སྒྱུར་བ་དང་རྟོག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་། རོང་འབྲོག་མང་ཚོགས་ང་གཉིས་རྩ་འཛུགས་བྱས་ཏེ་ཅང་སུའུ་ཞིང་ཆེན་རུའུ་གའོ་གྲོང་ཁྱེར་དུ་ངལ་ལས་ལ་སོང་ནས་རྩལ་ནུས་སློབ་སྦྱོང་དང་མཐོང་རྒྱ་བསྐྱེད་པ་དང་། ཡོང་འབབ་ཇེ་མཐོར་བཏང་། འདི་ནི་རབ་ཡོག་མ་སྡེ་བས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། རོང་འབྲོག་མང་ཚོགས་མཉམ་བསྲེས་འཕེལ་རྒྱས་རྣམ་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་ཞིག་རེད།

རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་ཞན་པ་དང་བསམ་བློ་རྗེས་ལུས་ཡིན་པ་ནི་རབ་ཡོག་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞང་སྡེ་དར་རྒྱས་ཀྱི་ལམ་དུ་བསྐྱོད་པར་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་མཁར་རྒྱལ་གྱིས་བཤད་རྒྱུར། ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་རྗེས་གྲབས་སྟོབས་ཤུགས་རྩ་འཛུགས་བཟོ་སྐྲུན་ནང་ཞུགས་པ་དང་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཧེ་ཨན་རྫོང་དུ་སློབ་སྦྱོང་སྦྱོང་བརྡར་དུ་སོང་བ་བརྒྱུད། རྒྱ་མཚོ་བཟོ་སྐྲུན་སྒྲིག་ཆས་ཚད་ཡོད་ཀུང་ཟི་དང་མཉམ་དུ་ངལ་ལས་གྲོས་མཐུན་བཀོད་པར་མ་ཟད། ཀུང་ཟི་དེ་དང་མཉམ་དུ་གླ་ཕོགས་དང་སྤྱི་ཚོགས་འགན་སྲུང་། བདེ་འཇགས་ཐོན་སྐྱེད། སྡོད་ཁང་ཆ་རྐྱེན་སོགས་ཐད་ཀྱི་གྲོས་མཐུན་བཀོད་དེ་རང་སྡེ་བའི་ཕྱི་རུ་ངལ་ལས་ལ་སོང་བའི་མི་སྣའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཡོད་ཟེར།

ཞང་སྡེ་དར་རྒྱས་འཐབ་ཇུས་ཁྱོན་ཡོངས་ནས་མགོ་རྩོམ་པ་དང་གནད་ཕིགས་དབུལ་ཐར་མངོན་འགྱུར་བྱེད་པའི་སྐབས་འདིར། སྡེ་བའི་ཏང་པུའུ་ཡིས་ཕྱི་རུ་ངལ་ལས་ལ་འགྲོ་བའི་རོང་འབྲོག་མང་ཚོགས་རུ་ཁག་རྩ་འཛུགས་བྱས་པ་དང་། ཁྱིམ་ཚང་གི་གནས་ཚུལ་དམགས་བསལ་ཡིན་པའི་ངལ་ལས་རུ་ཁག་གི་ཁོངས་མི་ཁ་ཤས་ཀྱིས་ཁྱིམ་མི་ཁྲིད་དེ་རུའུ་་གའོ་གྲོང་ཁྱེར་དུ་ངལ་ལས་ལ་འགྲོ་བར་ཆོག་མཆན་བཀོད་པར་མ་ཟད། ཁྱིམ་བདག་དང་མཉམ་དུ་ཞིང་ཆེན་ཕྱི་རུ་སོང་བའི་སློབ་ལོ་རན་པའི་བྱིས་པ་ལྔའི་སློབ་ཞུགས་གནད་དོན་ཐག་བཅད།

མིག་སྔར། ཕྱི་རུ་ངལ་ལས་ལ་སོང་བའི་མི་སྣ་ཡོངས་ཀྱིས་ས་གནས་ཁེ་ལས་དང་མཉམ་དུ་ངལ་ལས་གན་རྒྱ་བཀོད་ཡོད་པར་མ་ཟད་ལས་ཞུགས་བྱེད་བཞིན་ཡོད། ཕྱི་རུ་ངལ་ལས་ལ་སོང་བའི་མི་སྣ་སྐལ་བཟང་རྒྱལ་གྱིས་བཤད་རྒྱུར། སྡེ་བའི་ཏང་ཀྲི་པུའུ་ཡིས་ང་ཚོ་ཕྱི་རུ་ངལ་ལས་ལ་འགྲོ་བར་རྩ་འཛུགས་བྱས་པ་དེས་ང་ཚོའི་མཐོང་རྒྱ་བསྐྱེད་པ་དང་ཕྱུག་འགྱུར་གྱི་ཁ་ཕྱོགས་ཇེ་གསལ་དུ་བཏང་བར་མ་ཟད། ཡོང་འབབ་ཇེ་མང་དུ་བཏང་། ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ང་ཚོའི་རྗེས་ཕྱོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པར་ང་ལ་ཡིན་ཆེས་ཡོད་ཟེར།