ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ངལ་རྩོལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་ལྷག་ལ་གསོ་སྦྱོང་བྱེད་པའི་འཆར་གཞི་བཀོད།
2018.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རང་ཞིང་གིས་གྲོང་གསེབ་ཀྱི་ངལ་རྩོལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་ལྷག་ལ་གསོ་སྦྱོང་བྱེད་པའི་འཆར་གཞི་བཀོད་པ་དང་དེའི་ནང་དུ་རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་ལྷག་ལ་གསོ་སྦྱོང་བྱེད་པའི་འཆར་གཞི་ཡོད། སྐབས་དེར་གཙོ་བོ་རང་ཞིང་གི་དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་པ་དང་ཁེ་ལས་ཀྱི་ཐོན་ནུས་འདོར་སྒྱུར་དང་ལས་སྒྱུར་ལས་བཟོ་བ། རྣམ་པ་གསར་བའི་ལས་རིགས་རོང་འབྲོག་མང་ཚོགས། ལས་ཀར་མ་ཞུགས་པའི་སློབ་ཆེན་སློབ་མ་སོགས་ཀྱི་ལས་ཞུགས་ལས་སྐྲུན་ལ་རོགས་རམ་བྱེད་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་ཞུགས་ལས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྲིད་གཞུང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་འཆར་གཞིའི་ལག་བསྟར་ཇུས་གཞི་གཏན་འཁེལ་བྱས་ཤིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ་བཅས་ལས་ཁུངས་ལྔ་ཡིས་མཉམ་འབྲེལ་མཉམ་ལས་བྱེད་པ་དང་། ད་ལོའི་གསོ་སྦྱོང་འཆར་གཞི་ལྟར། དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་པའི་རྩལ་ནུས་གསོ་སྦྱོང་དང་ཁེ་ལས་ཀྱི་ཐོན་ནུས་འདོར་སྒྱུར་དང་ལས་བཟོ་བའི་ལས་སྒྱུར་རྩལ་ནུས་ཇེ་མཐོར་གཏོང་བའི་གསོ་སྦྱོང་། ཞིང་ཕྱུགས་ལག་རྩལ་གསོ་སྦྱོང་། གྲོང་གསེབ་ཀྱི་ངལ་རྩོལ་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་བཅས་གཏིང་ཟབ་ཏུ་སྤེལ་ནས། གསོ་སྦྱོང་བྱེད་ཡུལ་གྱི་ལས་རིགས་རྩལ་ནུས་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།