ཁྲི་འདུ་རྫོང་གིས་ནུས་ཤུགས་ཆེན་པོས་འདེམ་མངག་སློབ་མའི་དཔུང་སྡེ་བསྐྲུན།
2018.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

 ད་ལོར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་འདེམ་མངག་སློབ་མའི་འཇོན་མི་སྐྱེད་སྲིང་དེ་རྫོང་ཡོངས་ཀྱི་བྱ་བ་གལ་ཆེན་སོ་སོར་ཟུང་སྦྲེལ་བྱས་པ་དང་། འདེམ་མངག་སློབ་མའི་སྐྱེད་སྲིང་དོ་དམ་དེ་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ནང་དོན་གལ་ཆེན་དུ་བརྩིས་ནས། བྱ་བ་དང་འཚོ་བའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་ཏེ། དོན་དག་སྒྲུབ་འདོད་པ་དང་དོན་དག་སྒྲུབ་ཐུབ་པ། ཁག་ཁུར་དུ་ལེན་ཕོད་པའི་འདེམ་མངག་སློབ་མའི་འཇོན་མིའི་དཔུང་སྡེ་ཞིག་བསྐྲུན།

ཅི་ཞིག་བསྒྲུབ་དགོས་ན་དེ་སློབ་པ་དང་། ཅི་ཞིག་ཆད་ན་དེ་གསབ་པའི་རྩ་དོན་ལྟར་དུ། ཁྲི་འདུ་རྫོང་གིས་འདེམ་མངག་སློབ་མའི་བསམ་བློའི་གོ་རྟོགས་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་ཏེ། ཁོ་ཚོར་ལས་འགན་སྒྲུབ་པར་ངེས་པར་དུ་མཁོ་བའི་ཤེས་བྱ་སློབ་ཏུ་བཅུག དེ་དང་མཉམ་དུ་ལས་ཁུངས་སོ་སོར་ཉམས་མྱོང་ཕུན་སུམ་ཚོགས་ཤིང་བྱ་བའི་ནུས་པ་ཆེ་བའི་འགོ་ཁྲིད་ལས་བྱེད་པ་ཞིག་གདམ་དུ་བཅུག་ནས་ལས་ཁུངས་ཀྱི་འདེམ་མངག་སློབ་མར་མཛུབ་སྟོན་བྱེད་དུ་བཅུག་ནས། ཁོ་ཚོར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན།

བྱ་བའི་ཁྲོད་དུ། རྫོང་དང་ཞང་རིམ་པ་གཉིས་ཀྱི་ཏང་ཨུས་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཞང་དང་གྲོང་རྡལ་གྱིས་འདེམ་མངག་སློབ་མ་སྐྱེད་སྲིང་དང་དོ་དམ་བྱེད་པར་རྟོག་ཞིབ་དང་ལྟ་སྐུལ། མཐུན་སྦྱོར་དང་མཛུབ་སྟོན་བཅས་བྱས། འདེམ་མངག་སློབ་མ་གཞི་རིམ་ནས་རྐང་འཛུགས་པ་དང་ལས་སྒྲུབ་ལས་སྐྲུན་བྱེད་པ། འཚར་ལོངས་གོང་འཕེལ་འབྱུང་བ་བཅས་ལ་སྐུལ་མ་བཏང་བ་དང་། འདེམ་མངག་སློབ་མ་སྡེ་སྡོད་བྱ་བར་ཞུགས་པར་བཀོད་སྒྲིག་བྱས་ཏེ། ཁོ་ཚོར་ཞིང་སྡེའི་གཞི་རིམ་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག