མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཉིས་བཏང་སྟེ་སྐྱེ་ཁམས་འཁོར་སྐྱོད་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་སུ་བཏང་།
2018.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གཉིས་བཏང་སྟེ་སྟོང་སྐོར་དང་ཧུའུ་ཀྲུའུ། རྐང་ཚ། གཏེར་ལེན་ཁ་སོགས་རྫོང་དང་གྲོང་ཁྱེར་བཞི་རུ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཁུལ་གྱི་སྐྱེ་ཁམས་འཁོར་སྐྱོད་ཞིང་ལས་ལས་གཞི་ལག་བསྟར་བྱས། དེའི་ཁྲོད། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་བཞི་བཏང་བ་དང་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་བཏང་ལ། འཛུགས་སྐྲུན་སྡེ་ཁག་གིས་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་དྲུག་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལས་གཞི་འཛུགས་སྐྲུན་གྱིས་གཟན་རྩྭ་འདེབས་པ་དང་སྐྱེ་ལྡན་ལུད་རྫས་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ། སྒོ་ཕྱུགས་དང་ཁྱིམ་བྱའི་བཤང་གཅི་ཐོན་ཁུངས་ཅན་གྱིས་བེད་སྤྱོད་བྱེད་པ་སོགས་གཙོར་བཟུང་སྟེ་ཞིང་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ལག་རྩལ་མཐོར་འདེགས་གཏོང་བ། སྐྱེ་ལྡན་ལུད་རྫས་བཀོལ་སྤྱོད་བྱེད་པ། སྒོ་ཕྱུགས་དང་ཁྱིམ་བྱའི་བཤང་གཅི་དང་འཚོ་བའི་བཙོག་ཆུ་ཡང་བསྐྱར་བཀོལ་སྤྱོད་བྱེད་པ་བཅས་བརྒྱུད་དེ་ཞིང་ལས་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་བེད་མེད་དངོས་པོ་བེད་སྤྱོད་བྱེད་པ་མངོན་འགྱུར་བྱེད་ཐུབ།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་འདི་ལག་བསྟར་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་ཐད་ཐོན་ཚད་མཐོ་བ་དང་སྤུས་ཚད་མཐོ་བ། ཕན་ནུས་མཐོ་བ་བཅས་མངོན་འགྱུར་བྱེད་ཐུབ་པ་དང་། དཔལ་འབྱོར་ཕན་ནུས་དང་སྤྱི་ཚོགས་ཕན་ནུས། སྐྱེ་ཁམས་ཕན་ནུས་བཅས་ཀྱི་ཚད་མཐོའི་གཅིག་གྱུར་མངོན་འགྱུར་བྱས་ནས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གོམ་སྟབས་རྒྱུན་མཐུད་འཕེལ་རྒྱས་ཁྲོད་ཞུགས་ཏེ་འཁོར་སྐྱོད་བཟང་བོ་བྱེད་ཐུབ་ཟེར།