མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཁྱོན་ཡོངས་དྲུག་གི་བྱ་བའི་བྱེད་ཐབས་བརྒྱུད་དེ་ཆུ་བདག་ལམ་ལུགས་བྱ་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་བཏང་།
2018.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ད་ལོའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་ཁྱོན་ཡོངས་ནས་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་མ་ལག་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཆུ་བོའི་བཅོས་སྐྱོང་སྤེལ་བ། ཁྱོན་ཡོངས་ནས་ཆུ་བོ་ཆེན་པོའི་སྲུང་སྐྱོབ་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་གཏོང་བ་སོགས་ཀྱི་ཁྱོན་ཡོངས་དྲུག་གི་བྱ་བའི་བྱེད་ཐབས་བརྒྱུད་དེ་ཆུ་བདག་ལམ་ལུགས་ཀྱི་བྱ་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་བཏང་། མིག་སྔའི་བར། རིམ་པ་སོ་སོའི་ཆུ་བདག་གིས་བསྡོམས་པས་ཆུ་བོའི་སྐོར་ཞིབ་ཐེངས་ཉིས་བརྒྱ་གོ་དགུར་སྤེལ་བ་དང་མི་སྟོང་གཉིས་དང་སུམ་ཅུ་ཆུ་ལམ་བཅོས་སྐྱོང་བྱ་འགུལ་ཁྲོད་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། དགའ་བདེ་རྫོང་གིས་དགའ་བདེ་རྫོང་གི་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཇུས་གཞི་དང་ཆ་འཕྲིན་མཉམ་སྤྱོད་ལམ་ལུགས། བྱ་བའི་དཔྱད་ཞིབ་འགན་འདྲི་དང་གཟེངས་བསྟོད་ལམ་ལུགས་སོགས་ནང་རྐྱེན་མང་པོར་ཞིབ་འཇུག་བྱས་ཏེ་གཏན་ཁེལ་བྱས་པ་དང་། རྫོང་ཡོངས་ཀྱི་ཆུ་བོའི་བཞུར་རྒྱུན་གཙོ་བོ་བཞི་དང་རྐ་ལམ་ཞེ་བརྒྱད་ལ་རིམ་པ་སོ་སོའི་ཆུ་བདག་དྲུག་ཅུ་རེ་གསུམ་དང་ཆུ་ལམ་སྲུང་སྐྱོབ་དོ་དམ་མི་སྣ་གྱ་གསུམ་བཀོད་སྒྲིག་བྱས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ཆུ་བདག་ལམ་ལུགས་ཀྱི་ཁྱབ་བསྒྲགས་བྱང་བུ་དོན་བཞི་སྒྲིག་བཟོ་བྱས་ཏེ་རིམ་པ་སོ་སོའི་ཆུ་བདག་གིས་དོ་དམ་དང་བཅོས་སྐྱོང་། སྲུང་སྐྱོབ་བཅས་བྱེད་པའི་ཕྱོགས་གསུམ་གཞི་གཅིག་གི་འགན་འཁྲི་དོན་འཁྱོལ་བྱེད་པར་འགན་སྲུང་བྱས།

དེ་མིན། དགའ་བདེ་རྫོང་གིས་ད་རུང་བཙོག་ཆུ་བཅོས་སྐྱོང་དང་ཆུ་བཟང་སྲུང་སྐྱོབ། ཆུ་སྤུས་འགན་སྲུང་། གོ་རིམ་ཧྲིལ་བོར་དོ་དམ་སོགས་ཀྱི་བསམ་གཞིགས་མ་ལག་རྒྱུན་འཁྱོངས་བྱས་པ་དང་། དུས་ངེས་མེད་དུ་ཆུ་འགྲམ་ལྗང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོབ། འཕྲོད་བསྟེན་སོགས་ལ་སྐོར་ཞིབ་བྱེད་པའི་བྱ་འགུལ་སྤེལ་ཏེ་རྙེད་པའི་གནད་དོན་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱས། ཞང་དང་གྲོང་རྡལ་སོ་སོས་རང་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་རྩ་དོན་གཞིར་བཟུང་ནས་མི་སྣ་རྩ་འཛུགས་བྱས་ཏེ་ལས་འགན་ཁག་བགོས་བྱས་པ་དང་། ཆུ་ལམ་དང་ཆུ་འགྲམ་གྱི་བཙོག་བཟོ་ཞིབ་བཤེར་དང་ཆུ་ལམ་བཅོས་སྐྱོང་བྱ་བ་སྤེལ་བ་དང་ཆུ་ལམ་དྭགས་གཙང་ཐད་ཀྱི་དོ་དམ་མ་ལག་བཙུགས། ལྗང་མདོག་འཕེལ་རྒྱས་འདུ་ཤེས་དོན་འཁྱོལ་བྱེད་པ་དང་ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ལ་སྐུལ་འདེད་གཏོང་བ་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་རིམ་པ་སོ་སོའི་ཞང་དང་སྡེ་བའི་ཆུ་བདག་ལ་ལས་སྒོའི་གསོ་སྦྱོང་སྤེལ།