མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཉིས་སྟོང་བཅོ་ལྔ་ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་རྩོད་རྒྱུགས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
2018.05.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་པན་ཆེན་ཞིབ་འཇུག་གླིང་དུ་ཉིས་སྟོང་བཅོ་ལྔ་ལོའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་རྩོད་རྒྱུགས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཐེངས་འདིའི་མཐར་ཕྱིན་རྩོད་རྒྱུགས་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་། རབ་འབྱམས་ཞིབ་འཇུག་སློབ་མ་བརྒྱད་ལྷག་གིས་རང་རང་གི་ཆེད་ལས་དང་ཁ་ཕྱོགས་མི་འདྲ་བ་ལ་བསྟུན་ནས། མཐར་ཕྱིན་རྩོད་རྒྱུགས་ཀྱི་དམ་བཅའ་ཕུལ་ཞིང་། ཁོ་ཚོས་ལོ་ངོ་གསུམ་གྱི་རིང་གི་དཔེ་ཀློག་དང་ཞིབ་འཇུག་གི་འབྲས་རྟགས་སུ་བཀོད་པའི་དཔྱད་རྩོམ་ལ་བགྲོ་གླེང་ཨུ་ཡོན་ཚོགས་པ་ནས་ཀྱང་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་། 

མཛད་སྒོའི་སྟེང་དུ་སློབ་གྲོགས་རྣམས་ཀྱིས་རང་ཉིད་ཀྱི་དཔྱད་འབྲས་དེ་སྒྲོག་འདོན་བྱས་ཤིང་། དགེ་རྒན་རྣམས་ཀྱིས་ཡུལ་དངོས་ནས་གདེང་འཇོག་བྱས་པ་མ་ཟད། ཞོར་དུ་དགེ་རྒན་རྣམས་ཀྱིས་དཔྱད་རྩོམ་དང་འབྲེལ་བ་ཡོད་པའི་རིག་གཞུང་གི་དྲི་བ་དྲིས་ཤིང་། སློབ་གྲོགས་རྣམས་ཀྱིས་རིམ་པ་རེ་རེ་ལྟར་དྲི་ལན་སློག་ནས། བགྲོ་གླེང་གི་ཁོར་ཡུག་ཡོངས་སུ་རིག་གཞུང་གི་མཁའ་དབུགས་ཀྱིས་ཁྱབ་པར་བྱས།

ཐེངས་འདིའི་བགྲོ་གླེང་ལ་ཕུལ་བའི་དཔྱད་རྩོམ་དག་དུས་རབས་ཀྱི་དགོངས་པ་དང་མཐུན་ཞིང་། རིག་གཞུང་ཞིབ་འཇུག་གི་ཆོས་ཉིད་ལྟར་ཞིབ་འཇུག་གནད་སྨིན་མཛད་ཡོད་པས། མ་འོངས་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་ལམ་ཁ་ལ་གང་ནུས་ཅི་ཐུབ་ཀྱིས་བྱས་རྗེས་ཀྱང་མི་དམན་པ་བཞག་ཡོད། 



423852675992391910.jpg
སློབ་གྲོགས་བཙུན་ཐར་དབང་མོས་རང་གི་དཔྱད་འབྲས་ཐད་ནས་བགྲོ་གླེང་གནང་གིན་པ།

749172936814854105.jpg
དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་དཔྱད་གཏམ་སྤེལ་བཞིན་པ།

368026740907586746.jpg
དགེ་རྒན་ཆེན་མོ་རིན་ཆེན་བཀྲ་ཤིས་ཀྱིས་དཔྱད་གཏམ་སྤེལ་བཞིན་པ།