གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་སྟོད་ཀྱི་ཚུན་དུ། མཚོ་སྔོན་ལ་གངས་སྐྱོན་དང་དྲོད་ཚད་དམའ་བ། རླུང་དང་སེར་བ། ས་འགུལ་སོགས་རང་བྱུང་གནོད་འཚེ་ཐེངས་མང་བྱུང་ནས། བསྡོམས་པས་མི་ཁྲི་གཉིས་དང་སྟོང་གཉིས་ལྔ་བརྒྱ་དང་བཅུ་བདུན་ལ་གནོད་འཚེ་ཐེབས་པ་དང་། མི་གསུམ་ལ་ཤི་རྨས་བྱུང་ལ། ཐད་ཀར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གསུམ་གྱི་དཔལ་འབྱོར་གྱོང་གུད་ཐེབས་པས། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བྱེད་ཐབས་སྤྱད་དེ། ཧུར་ཐག་གིས་གནོད་འགོག་གནོད་སེལ་དང་གནོད་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ལོ་སྟོད་དུ་ཀྲུང་དབྱང་གི་ཚད་ལོངས་བའི་རང་བྱུང་གནོད་འཚེའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་གཅིག་འབུམ་གཉིས་བཏང་ནས། འཕྲལ་བསྒྲུབ་ལས་རེས་དང་དགུན་དཔྱིད་རོགས་སྐྱོར། ཁང་རྡིབས་བསྐྱར་འཛུགས་དང་དཀའ་ཁག་མང་ཚོགས་ཀྱི་དྲོད་འདོན་རོགས་སྐྱོར་སོགས་བྱ་བར་བཀོད་སྒྲིག་བཟང་བོ་བྱས། དེ་མ་ཟད་མཚོ་སྔོན་ཞིང་ཆེན་གནོད་སེལ་གཞུང་སྒྲུབ་ཁང་དང་ཞིང་ཆེན་གནོད་སེལ་ལྟེ་གནས་གཉིས་ལ་མཉམ་འབྲེལ་བྱས་ནས་བྱ་བའི་ཚན་ཆུང་གཉིས་བཙུགས་ཏེ། ས་ཆ་སོ་སོའི་གནོད་སྐྱོབ་དངུལ་ཟོག་དོ་དམ་དང་བཀོལ་སྤྱོད། འབྲེལ་ཡོད་བྱ་བར་ཞིབ་བཤེར་བྱས། མིག་སྔར། ཟི་ལིང་དང་མཚོ་ཤར། མགོ་ལོག རྨ་ལྷོ། ཡུས་ཧྲུའུ་བཅས་ཀྱི་ས་ཁུལ་སྐོར་ཞིག་གི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་པ་དང་། ས་ཁུལ་གཞན་པའི་ཞིབ་བཤེར་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པའི་སྒང་རེད།
མཚོ་སྔོན་ཞིང་ཆེན་གྱི2017ལོའི་རང་བྱུང་གནོད་འཚེ་ཐད་ཀྱི་ལོ་ཧྲིལ་བོའི་སྤྱི་བསྒྲགས་བྲིས་པ་དང་། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་ཚད་རིམ་བཞི་དང་གྲངས་ཆུང་དགུ་ཅན་གྱི་ས་འགུལ་ཐད་ཞིབ་བཤེར་བྱས་ནས་གནོད་ཐེབས་ཚད་གཏན་ཁེལ་བྱས་པ་མ་ཟད། རྨ་ལྷོ་ཁུལ་གྱི་རྫོང་སོ་སོའི་གནོད་འཚེའི་འཕྲལ་བསྒྲུབ་གྲ་སྒྲིག་དང་ཉེན་ཁ་ཞིབ་བཤེར་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས། མཚོ་ནུབ་ཁུལ་གྱི་ས་འགུལ་རབ་དང་རིམ་པར་རྗེས་འདེད་ལྟ་རྟོག་ནན་མོ་བྱས་པ་དང་། ཏ་ཐུང་རྫོང་གི་ས་ངོས་རྡིབས་པའི་བྱ་བ་དང་། ས་ཆ་གཞན་པའི་རི་ཉིལ་བའི་ཉེན་ཁ་ཐག་གཅོད་བྱས་ལ། ཁུལ་དང་རྫོང་གི་འཕྲལ་བསྒྲུབ་ཇུས་གཞི་སྔར་ལས་འཐུས་ཚང་དུ་བཏང་བ་དང་། སྔོན་འགོག་བྱེད་ཐབས་དང་རོགས་སྐྱོར་འགན་སྲུང་བྱ་བར་ཤུགས་བསྣན་ལ། ཁྲི་འདུ་རྫོང་གི་ཚད་རིམ་ལྔ་དང་གྲངས་ཆུང་གསུམ་ཅན་གྱི་ས་འགུལ་དུས་ཐོག་ཏུ་ཁ་གཏད་འཇལ་ནས། མི་སྣར་ལས་བགོས་བྱེད་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་པ། གནོད་ཐེབས་གནས་ཚུལ་ལ་ཞིབ་བསྡུར་བྱེད་པ་སོགས་ཕྱོགས་ནས་འཕྲལ་བསྒྲུབ་བཀོད་སྒྲིག་བཟང་བོ་བྱས་པ་མ་ཟད། ཡུས་ཧྲུའུ་ཁུལ་དང་རྫོང་དམངས་སྲིད་སྡེ་ཁག་གི་གནོད་སྐྱོབ་འཕྲལ་བསྒྲུབ་བྱ་བར་མཛུབ་སྟོན་བྱས། དེ་དང་མཉམ་དུ། ཞིང་ཆེན་དམངས་སྲིད་ཐིན་གྱིས་མྱུར་དུ་གནོད་ཐེབས་ས་ཁུལ་ལ་རས་གུར་དང་གནོད་སྐྱོབ་ནས་འབྲུ། ཉལ་ཐུལ་ཉལ་གདན་སོགས་གནོད་སྐྱོབ་དངོས་ཟོག་བྱིན་པ་དང་། ཡུས་ཧྲུའུ་ཁུལ་དམངས་སྲིད་ཅུའུ་ཡིས་དུས་ཚོད་དང་པོའི་ནང་གནོད་སྐྱོབ་མ་དངུལ་སྒོར་ས་ཡ་གཅིག་བཏང་སྟེ། གནོད་ཐེབས་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་བཀོད་སྒྲིག་འོས་འཚམ་བྱས། ཆུ་རྒྱས་པའི་དུས་སྐབས་ལ་སླེབས་དུས། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་དུས་ཐོག་ཏུ་འཕྲལ་བསྒྲུབ་ལས་རེས་བྱ་བར་ཤུགས་བསྣན་པ་དང་། དུས་ཚོད་ཉེར་བཞི་ལ་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ལ། དེ་དང་མཉམ་དུ་ས་ཆ་སོ་སོར་བརྡ་སྦྱོར་སྤེལ་ནས། ཆུ་རྒྱས་པའི་དུས་སྐབས་ཀྱི་རང་བྱུང་གནོད་འཚེའི་འཕྲལ་བསྒྲུབ་མྱུར་སྐྱོབ་བྱ་བ་དང་གནོད་འཚེ་ཉེན་ཁའི་སྔོན་བརྡ་གཏོང་བའི་བྱ་བ། ཆ་འཕྲིན་ཡར་ཞུ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
དུས་ཐོག་ཏུ་ས་ཆ་སོ་སོའི་ཁང་བའི་ཉེན་སྲུང་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། མིག་སྔར། ས་ཆ་སོ་སོས་ཧ་ལམ་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། ས་ཁུལ་སྐོར་ཞིག་གིས་ཆ་སྡེབས་མ་དངུལ་དངོས་འབེབས་བྱས་པ་མ་ཟད་འགན་ལེན་ཀུང་ཟི་གཏན་ཁེལ་བྱས། ས་ཆ་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། རིན་གོང་སྒོར་བྱེ་བ་གཅིག་དང་འབུམ་བདུན་ཁྲི་གཉིས་ཅན་གྱི་གནོད་སྐྱོབ་དངོས་ཟོག་ཉོ་སྒྲུབ་བྱེད་བཞིན་པའི་སྒང་ཡིན་པ་དང་། དེ་རིམ་པ་སོ་སོའི་གནོད་སྐྱོབ་དངོས་ཟོག་ཉར་གསོག་མཛོད་ཁང་ཐད་བཀོལ་རྒྱུ་རེད། དེ་དང་མཉམ་དུ། གྲོང་ཁྱེར་དང་ཁུལ་སོ་སོར་གནོད་སྐྱོབ་ནས་འབྲུ་སྤྱི་རྒྱ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་གསུམ་ལྷག་བྱིན་ནས། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་རྒྱུའི་འཆར་གཞི་བཟོས་ཡོད།