ཟླ6པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ6པའི་ཚེས2ཉིན་སི་ཕེན་གྱི་ལ་ཁི་ལུའུ་ཉི་ཡཱ་ནས་ཚོགས་པའི་སྤྱི་ལེ་ཉི་ཤུའི་རྒྱལ་སྤྱིའི་འདུར་རྒྱུགས་འགྲན་སྡུར་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ཆོས་དབྱིངས་སྐྱིད་ཀྱིས་མི་སྒེར་གྱི་སྐར་འབྲས་ཆེས་བཟང་བ་སྟེ། ཆུ་ཚོད་གཅིག་དང་སྐར་མ་ཉེར་དྲུག་སྐར་ཆ་ཉེར་བརྒྱད་ཀྱིས་ཨང་དང་པོ་བླངས་ཤིང་། ད་རུང་མུ་མཐུད་དུ་ཟླ་བརྒྱད་པར་བསྡུ་རྒྱུ་ཡིན་པའི་ཡྰ་ཅ་ཏའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་གང་ལེགས་བྱེད་རྒྱུ་རེད།
ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཆོད་སེམས་རབ་ཏུ་བརྟན་པའི་ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་མགོ་བརྩམས་མ་ཐག་ནས་རང་ཉིད་ཀྱི་ཁྱད་ཆོས་ངོམས་ཏེ། འགྲན་ཡ་གཞན་གྱི་རྙོག་ཟིང་ལས་ཐར་ཤིང་། གཅིག་པུས་སྔུན་བཅད། ཆོས་དབྱིངས་སྐྱིད་ཀྱིས་ཐོག་མའི་སྤྱི་ལེ་ལྔ་སྐར་མ་ཉེར་གཅིག་དང་སྐར་ཆ་སོ་དྲུག་གིས་རྒྱུག་པ་ན། ཨང་གཉིས་པ་ལས་སྐར་ཆ་ཞེ་དྲུག་གིས་སྔོན་བླངས་ཡོད་པས། རྒྱལ་སྤྱིའི་མཆོང་རྒྱུག་གཞུང་དྲ་ཡིས་ཆོས་དབྱིངས་སྐྱིད་ནི་སུར་ཙེ་ཡི་དུས་ཚོད་བཞིན་འཕྱུག་འདའ་མེད་པ་ཞིག་རེད་ཅེས་བསྟོད་བསྔགས་བྱས།
མཇུག་མཐར་མོས་ཆུ་ཚོད་གཅིག་དང་སྐར་མ་ཉེར་དྲུག་སྐར་ཆ་ཉེར་བརྒྱད་ཀྱི་སྐར་འབྲས་ཀྱིས་ཨང་དང་པོ་བླངས་ཤིང་། ད་ལོའི་མི་སྒེར་གྱི་ཆེས་མཐོ་བའི་སྐར་འབྲས་བླངས། 2015ལོར་ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་འདི་ལས་ཨང་གཉིས་པ་བླངས་མྱོང་།
སྤྱི་ལོ2012ལོར་ལོན་ཏུན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནས་དངུལ་གྱི་རྟགས་མ་བླངས་རྗེས། ཆོས་དབྱིངས་སྐྱིད་ཀྱིས་ཧ་ཅང་ལེགས་པའི་འགྲན་སྡུར་གྱི་ངང་ཚུལ་རྒྱུན་འཁྱོངས་བྱས་ཤིང་། ད་ལོའི་ཟླ3པའི་ཚེས3ཉིན། རྒྱལ་ཡོངས་འདུར་རྒྱུག་འགྲན་ཚོགས་སམ་རྒྱལ་སྤྱིའི་རྒྱུག་འགྲན་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་སྡུར་གྱི་བདམས་གསེས་འགྲན་སྡུར་ཁྲོད་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་བླངས་ལ། ཟླ4པའི་ཚེས7ཉིན། མོས་2018ལོའི་རྒྱལ་སྤྱིའི་རྒྱུག་འགྲན་འགྲན་སྡུར་གྱི་ཕུའུ་ཐའོ་ཡའི་ས་ཚིགས་ལས་སྐྱེས་མའི་སྤྱི་ལེ་ཉི་ཤུའི་ཁྲོད་ཨང་དང་པོ་བླངས། ཟླ5པའི་ཚེས5ཉིན། 2018ལོའི་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་སྡུར་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་ཀྲུང་གོའི་སྐྱེས་མའི་ཚབ་བྱས་ཏེ་སྐྱེས་མའི་སྤྱི་ལེ20ཡི་ཐུན་མོང་འགྲན་སྡུར་གྱི་ཨང་དང་པོ་བླངས་པ་རེད།