མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཤེས་བྱའི་རྩལ་ནུས་འགྲན་སྡུར་བདེ་བླག་ངང་མཇུག་སྒྲིལ།
2018.07.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཉེ་ལམ། ཞིང་ཆེན་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སྤྱིའི་ས་ཚིགས་ཀྱིས་མཚོ་བྱང་ཁུལ་མདའ་བཞི་རི་ཕྱུག་སྡེ་བ་རུ་རྩྭ་ཐང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་སློབ་སྦྱོང་བརྗེ་རེས་ལ་ཤུགས་སྣོན་པ། ལྟ་ཞིབ་ཚད་ལེན་ནུས་པ་མཐོར་འདེགས་གཏོང་བ་བཅས་བརྗོད་གཞི་ཡིན་པའི་ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཤེས་བྱའི་རྩལ་ནུས་འགྲན་སྡུར་བྱ་འགུལ་སྤེལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་བརྒྱ་དང་སུམ་ཅུ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་འཐུས་ཚབ་རུ་ཁག་དགུ་འགྲན་སྡུར་ལ་ཞུགས། རིག་གཞུང་ཚོད་ལྟ་དང་དྲི་བ་དྲིས་ལན། དོན་དངོས་ལག་ལེན་བཅས་རྣམ་གྲངས་གསུམ་གྱི་ཛ་དྲག་གི་འགྲན་རྩོད་བརྒྱུད། མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག་ལ་ཨང་དང་པོ་ཐོབ་པ་དང་། མཚོ་ཤེར་གྲོང་ཁྱེར་དང་མཚོ་ནུབ་ཁུལ་གཉིས་ཀྱི་འཐུས་ཚབ་རུ་ཁག་ལ་སོ་སོར་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས་གཞི་རིམ་རྩྭ་སའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རྩྭ་སའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མི་སྣའི་ཆེད་ལས་རྩལ་ནུས་ཆུ་ཚད་མཐོར་འདེགས་གཏོང་བ། འགྲན་སྡུར་གྱི་རྣམ་པ་བརྒྱུད་དེ་རྒྱ་ཆེའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་ཚོར་སློབ་སྦྱོང་བརྗེ་རེས་དང་ཕན་ཚུན་སྐུལ་སྤེལ་བྱེད་པ་སོགས་ཀྱི་འཕེལ་རྒྱས་སྟེགས་བུ་ཞིག་འདོན་སྤྲོད་བྱས། དེར་མ་ཟད། ཐེངས་འདིའི་ཤེས་བྱའི་རྩལ་ནུས་འགྲན་སྡུར་ནི་རྩལ་ནུས་སློབ་སྦྱོང་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། རྩལ་ནུས་མཐོ་བའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་ཞིག་ཀྱང་ཡིན། འགྲན་སྡུར་བྱ་འགུལ་བདེ་བླག་ངང་སྤེལ་བ་ནི་འགྲན་ཞུགས་རུ་ཁག་ཚང་མས་སེམས་ཞིབ་མོས་གྲ་སྒྲིག་བྱས་པའི་གྲུབ་འབྲས་ཡིན་པ་དང་། དེས་རིམ་པ་སོ་སོའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སྡེ་ཁག་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་མཐོན་པོས་མཐོང་ཆེན་བྱེད་པ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་མི་སྣས་དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་མཚོན་པར་བྱས་ལ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་ཚང་མས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགན་འཁྲི་ཁག་ཁུར་བྱེད་ཕོད་པའི་སྙིང་སྟོབས་སྐུལ་སློང་བྱས་ཏེ་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་གསོ་སྦྱོང་བྱེད་པ་དང་རྩལ་ནུས་མཐོར་འདེགས་གཏོང་བའི་དམིགས་འབེན་ལ་སླེབས་པར་བྱས་ཡོད།

དེ་ལས་གཞན། ཤེས་བྱའི་རྩལ་ནུས་འགྲན་སྡུར་མཇུག་སྒྲིལ་རྗེས། པེ་ཅིན་ཐེན་ཁྲོང་ཅིན་ནོང་ཀུང་ཟིའི་ལས་བྱེད་མི་སྣས་ཡུལ་དངོས་སུ་ཁ་ལོ་བ་མེད་པའི་གནམ་གྲུའི་བཀོལ་སྤྱོད་བྱེད་ཐབས་འཁྲབ་སྟོན་བྱས་ཏེ་རྩྭ་ཐང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱ་བའི་ཐད་ནུས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས།